དྲ་བརྙན།

བརྙན་འཕྲིན་གསར་འགྱུར།༢༠༢༡།༠༨།༡༤།

༡༽ཕྱི་ཟླ་ ༨ ཚེས་ ༡༡ ཉིན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨིན་ཌོ་ནེ་ཤེ་ཡའི་ནང་གི་ནང་པ་གཙོ་བོར་གྱུར་བའི་སློབ་ཕྲུག་ཁག་ཅིག་ལ་དྲ་ཐོག་བཀའ་སློབ་དང་བཅར་འདྲིར་བཀའ་ལན་མཛད་སྐབས། ནང་སེམས་རྒྱུད་ཀྱི་ལྷ་ཁང་བདག་གཅེས་སྲུང་སྐྱོབ་བྱ་གལ་ཆེ་བ་དང་། ཆོས་ལུགས་མཐུན་བསྒྲིལ་དགོས་གལ་ཆེ་བ། ལྷག་པར་དུ་འགྲོ་བ་མི་ཡོངས་རྫོགས་གཅིག་འགྱུར་གྱི་འདུ་ཤེས་ལྡན་པའི་ཐོག་ནས་བྱམས་བརྩེ་ཉམས་ལེན་བྱ་རྒྱུ་ནི་དཀའ་ངལ་མང་དག་ཞིག་སེལ་བའི་ཐབས་ལམ་མཆོག་ཡིན་པ་བཀའ་ཕེབས་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བྷེ་ལགས་ཀྱིས་སྙན་སྒྲོན་གནང་གི་རེད། ༢༽ཉེ་སྔོན་རྒྱ་ནག་གཞུང་གིས་སྒོ་བརྒྱབས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་དར་ལག་རྫོང་ཁོངས་སུ་ཡོད་པ། སེང་འབྲུག་སྟག་རྩེ་སྒེར་གཉེར་སློབ་གྲྭར་ལོ་མང་རིང་དགེ་རྒན་གྱི་ཕྱག་ལས་གནང་མྱོང་མཁན། རིན་ཆེན་སྐྱིད་ལགས་སེམས་ཁམས་མི་སྐྱིད་པའི་གནས་སྟངས་འོག་ཉིན་ཤས་རིང་ཞལ་ལག་མ་མཆོད་པ་དེ་ནི་རྒྱལ་ཁབ་ལ་ངོ་ལོག་ཡིན་ལུགས་བརྙད་བཏགས་ནས་ཉེན་རྟོག་པས་ཕྱི་ཟླ་ ༨ ཚེས་ ༡ ཉིན་ཁོང་རང་ཁྱིམ་ནས་འཛིན་བཟུང་གིས་ཟི་ལིང་གྲོང་ཁྱེར་དུ་བཙན་ཁྲིད་བྱས་ཡོད་པ། བཙན་བྱོལ་དུ་ཡོད་པའི་འབྲེལ་ཡོད་བོད་མི་མིང་བརྗོད་འདོད་མེད་པ་ཞིག་གིས་འདི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་། ༣༽རྒྱ་ནག་གཞུང་གིས་བོད་མི་རིགས་དང་ངོ་བོ་བཅས་པ་རྒྱ་ནག་གི་ངོ་བོར་བསྒྱུར་ཐབས་ཀྱི་ཐབས་བྱུས་རིམ་པར་འདིངས་ཀྱི་ཡོད་པ་གནད་དོན་དབྱེ་ཞིབ་པ་དང་བོད་ནང་གི་བོད་མི་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་ཅིང་། ཞི་ཅིན་ཕིང་གིས་བོད་ཀྱི་བརྟན་ལྷིང་ནི་ས་མཚམས་ཀྱི་སྲུང་སྐྱོབས་ལ་ཐུག་པ་དང་། ས་མཚམས་བརྟན་པོ་ཡོད་ན་རྒྱ་ནག་གཅིག་གི་གོང་བུར་ཕན་རྒྱུ་ཡིན་པ་བརྗོད་བཞིན་ཡོད་པ་རེད། ཉེ་བའི་ཆར་བོད་ནང་བྱིས་པ་ལོ་ཆུང་ལོ་ན་ ༨ ཡན་ལ་དབྱར་སྒར་ནང་དམག་སྦྱོང་སྤྲད་པ་དང་། བོད་ནང་སློབ་གྲྭ་ཆེ་བ་ཐོན་པའི་སློབ་མ་ཚོ་དམག་ཁོངས་སུ་འཛུལ་ཞུགས་བྱེད་ཚེ་དཔལ་འབྱོར་གྱི་མཐུན་འགྱུར་སྦྱོར་རྒྱུའི་ཁས་ལེན་གྱི་དྲིལ་བསྒྲགས་ཤུགས་ཆེ་བྱེད་བཞིན་པ་དང་འབྲེལ་བའི་སྐོར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་དགེ་ལེགས་ལགས་ཀྱིས་སྙན་སྒྲོན་གནང་གི་རེད། Anchor: Lobsang Gelek Producer: Tenzin Woser

དྲ་གནས་ཆ་ཚང༌།