ཀན་ལྷོ་བླ་བྲང་ཕྱོགས་སུ་རྒྱ་ནག་གིས་དམ་དྲག

2013-12-31
གློག་འཕྲིན།
མཆན།
Share
པར་བཀོད།
ཀན་ལྷོ་བླ་བྲང་ཕྱོགས་སུ་དེ་སྔོན་དམག་མི་དཀྲམ་ཡོད་པའི་པར་རྙིང་ཞིག
ཀན་ལྷོ་བླ་བྲང་ཕྱོགས་སུ་དེ་སྔོན་དམག་མི་དཀྲམ་ཡོད་པའི་པར་རྙིང་ཞིག
པར། བོད་འབྱོར།

རྒྱ་ནག་གིས་ཀན་ལྷོ་བླ་བྲང་ཕྱོཊ་སུ་དམ་དྲག་བྱས་ནས་སློབ་མའི་དགུན་སེང་སྐབས་ཀྱི་བྱ་འགུལ་རིགས་ལ་བཀག་བསྡོམས་ཚོད་འཛིན་བྱེད་བཞིན་ཡོད་འདུག
དེ་ཡང་འདི་གར་གནས་ཚུལ་འབྱོར་དོན། ཉེ་ཆར་ཨ་མདོ་བླ་བྲང་ཨ་མཆོག་ཁུལ་དུ་དགེ་འདུན་ཞིག་གིས་བོད་དོན་ཆེད་རང་ལུས་མེར་སྲེག་གནང་བའི་རྐྱེན་གྱིས་ད་ཆ་ས་གནས་སུ་དམ་དྲག་ཇེ་ཆེར་བཏང་ཡོད་པ་དང་། འབྲེལ་ཡོད་ཚན་པས་སློབ་གྲ་ཁག་གི་དགུན་ཁའི་གུང་སེང་སྐབས་གྱི་ཟབ་སྦྱོང་སོགས་ཀྱི་བྱེད་སྒོ་ཁག་ལ་དམ་དྲག་ནན་པོ་བྱེད་བཞིན་ཡོད་འདུག ས་གནས་བོད་མི་ཞིག་གིས་བརྗོད་དོན། ད་སྐབས་བོད་ཀྱི་ས་ཆ་མང་ཆེ་བའི་ནང་སློབ་གྲ་ཁག་གི་དགུན་ཁའི་གུང་སེང་ཡིན་པ་དང་། སྐབས་འདིར་ལོ་ལྟར་ཨ་མདོ་བླ་བྲང་ཁུལ་དུ་བོད་མི་དོ་སྣང་ཅན་དང་། དགེ་འདུན་ལ་ལྷག་བསམ་ཅན་ཚོས་བོད་པའི་སློབ་ཕྲུག་ཚོ་བསྡུ་བསྐོང་བྱས་ནས་རིན་མེད་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་སོགས་ཀྱི་ཤེས་ཡོན་ཟུར་ཁྲིད་གནང་ཏེ་སློབ་མ་ཚོར་ཕན་ཐོག་ཆེན་པོ་ཡོང་གི་ཡོད། འོན་ཀྱང་ཉེ་ཆར་ཨ་མདོ་ཀན་ལྷོ་ཁུལ་བསང་ཆུ་རྫོང་བླ་བྲང་ཨ་མཆོག་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་བོད་བསྟན་སྲིད་ཀྱི་ཆེད་རང་ལུས་མེར་སྲེག་གནང་བའི་རྗེས། རྒྱ་ནག་གིས་བླ་བྲང་ཨ་མཆོག་དང་། ཀན་ལྷོ་ཁུལ་དུ་དགེ་འདུན་པ་གཙོས་བོད་མི་ཚོར་དམ་དྲག་ཇེ་ཆེར་བཏང་ཡོད་པ་དཔེར་ན། དགུན་ཁའི་གུང་སེང་སྐབས་སློབ་ཕྲུག་ཚོར་ཞོར་དུ་ཟབ་ཁྲིད་རིགས་སྤེལ་མི་ཆོག་པ་དང་། གང་བྱུང་མི་མང་འདུ་འཛོམས་བྱ་མི་ཆོག་པ། ལག་འཁྱེར་ཁ་པར་ནང་གང་བྱུང་པར་རྒྱབ་མི་ཆོག་པ་སོགས་ཀྱི་དམ་དྲག་ནན་པོ་བྱེད་བཞིན་འདུག་ཅེས་དང་། དེ་བཞིན་ད་ལོར་ཨ་མདོ་ནས་ལྷ་སར་གནས་བསྐོར་དུ་འགྲོ་མཁན་ཧ་ཅང་མང་པོ་ཡོད་ཀྱང་། ཁོང་ཚོ་ལྷ་སར་བསྐྱོད་རྒྱུར་ལག་འཁྱེར་མང་པོ་བཟོ་དགོས་ཀྱི་ཡོད་པའི་དཀའ་ངལ་དང་། ལྷ་སར་སླེབས་ཀྱང་ངེས་གཏན་གྱི་མགྲོན་ཁང་མ་གཏོགས་གང་བྱུང་གནས་ཚང་གཡར་ནས་འདོད་མི་ཆོག་པ་སོགས་དམ་དྲག་གི་དཀའ་ངལ་འཕྲད་བཞིན་པ་རེད་འདུག
གསར་འགོད་པ་འཆི་མེད།

མཆན། (0)
Share
དྲ་གནས་ཆ་ཚང༌།