ཏོག་དབྱིབས་ནད་ཡམས་འགན་ཁུར་གྱི་ཐད་ནས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་པའི་ཁྲིམས་འཆར།

2020-05-13
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སའི་ཐང་ཆེན་དང་གྲོས་ཚོགས་ཁང་ཆེན། ༢༠༢༠།༥
ཨ་རིའི་རྒྱལ་སའི་ཐང་ཆེན་དང་གྲོས་ཚོགས་ཁང་ཆེན། ༢༠༢༠།༥
Lhuboom/RFA

ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་གྲོས་ཚོགས་ནང་ཏོག་དབྱིབས་ནད་ཡམས་ཀྱི་འགན་འཁུར་ཁྲིམས་འཆཪ་བཏོན་ཏེ་སྲིད་འཛིན་ལ་སྐུ་དབང་ཕུལ་ནས་རྒྱ་ནག་ལ་ཉེས་ཆད་གཅོད་དགོས་པ་བཀོད་ཡོད་འདུག
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་(Lindsey Graham)་ལགས་གཙོ་བྱས་ཨ་རིའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་ཀྱི་འཐུས་མི་མི་ཉུང་བ་ཞིག་གིས་ཐུན་མོང་གི་ཐོག ཕྱི་ཟླ་ལྔ་པའི་ཚེས་༡༢་ཉིན་༢༠༡༩་ལོའི་ཏོག་དབྱིབས་ནད་ཡམས་ཀྱི་འགན་འཁུར་(The COVID-19 Accountability Act)་ཞེས་པའི་ཁྲིམས་འཆར་བཏོན་ཡོད་པ་དང་། ཁྲིམས་འཆར་དེའི་ནང་གལ་སྲིད་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱི་རྒྱུད་རིམ་ཁ་གསལ་འགྲེལ་བཤད་མ་རྒྱབ་ཚེ། སྲིད་འཛིན་ལ་དབང་ཚད་ཕུལ་ནས་རྒྱ་ནག་ལ་ཉེས་ཆད་གཅོད་རྒྱུ་ཡིན་པ་བཀོད་ཡོད་པ་རེད།
གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Lindsey Graham)་མཆོག་གིས། གལ་སྲིད་རྒྱ་ནག་དམར་ཤོག་གཞུང་གིས་མགོ་སྐོར་བཏང་མེད་ཚེ། ཏོག་དབྱིབས་ནད་ཡམས་ཨ་རི་སོགས་ཡུལ་གྲུ་ཁག་ནང་ཁྱབ་གདལ་འགྲོ་མི་སྲིད་པར་ཡིད་ཆེས་གནང་གི་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཝུའུ་ཧན་ཚན་རིག་ཚོད་ལྟ་ཞིབ་འཇུག་ཁང་དུ་བརྟག་དཔྱད་བྱ་རྒྱུར་རྒྱ་ནག་གཞུང་གིས་ཁས་ལེན་བྱེད་ཀྱི་མེད་པའི་ཁར། ནད་ཡམས་ཀྱི་ཐོག་མའི་འབྱུང་ཁུངས་བརྟག་དཔྱད་བྱ་རྒྱུར་ཡང་ཁས་ལེན་བྱེད་ཀྱི་མེད་པ་རེད། རྒྱ་ནག་གཞུང་གིས་ཐབས་ཟད་འུ་ཐུག་མ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ནད་ཡམས་ཀྱི་འབྱུང་ཁུངས་ལ་བརྟག་དཔྱད་བྱ་རྒྱུར་མཉམ་ལས་བྱ་མི་སྲིད་པར་བརྟེན། རྒྱ་ནག་ལ་ཉེས་ཆད་འགེལ་རྒྱུའི་ཁྲིམས་འཆར་བཏོན་ནས་ཁྲིམས་འཆར་དེ་དངོས་སུ་ལག་བསྟར་དང་། མ་འོངས་པར་ནད་ཡམས་དེ་རིགས་ཡོང་རྒྱུར་འགོག་ཐབས་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཀྱི་ཡོད་པའི་སྐོར་གསུངས་འདུག
ཨ་རིའི་གྲོས་ཚོགས་གོང་མའི་སྤྱི་མཐུན་ཚོགས་པའི་འཐུས་མི་སྐུ་ཞབས་(Lindsey Graham)་ལགས་དང་། ཨ་རིའི་སྲིད་འཛིན་རྣམ་གཉིས་བར་འབྲེལ་ལམ་ཟབ་མོ་ཡོད་པ་དང་། ཁོང་གིས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཐད་རྒྱ་ནག་གཞུང་གིས་གནས་ཚུལ་སྦས་གསང་བྱས་པའི་རྐྱེན་གྱིས་ཨ་རི་སོགས་ནུབ་ཕྱོགས་ཡུལ་གྲུ་ཁག་ནང་ནད་ཡམས་ཁྱབ་གདལ་ཤུགས་ཆེ་ཕྱིན་ནས། མི་རྒྱུ་གཉིས་ཀར་ཚབས་ཆེའི་གོད་ཆག་བྱུང་ཡོད་པར་གྱོང་གུན་ཁ་གསབ་བྱ་དགོས་པའི་སྐོར་ཤུགས་ཆེ་བཏོན་གནང་གི་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༥ ་པའི་ཚེས་༡༣་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༤༢༩༨༢༦༩་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༢༩༣༥༡༤་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། སུ་པན། དབྱིན་ཡུལ། ཨེ་ཊ་ལི། རྒྱ་ནག ཇར་མན་བཅས་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།