འཛམ་གླིང་ནང་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་ས་ཡ་གཅིག་དང་ཕྱེད་ཀ་ཉེ་བ་ཐོན་འདུག

2020-04-08
གློག་འཕྲིན།
མཆན།
Share
པར་བཀོད།
ཏོག་དབྱིབས་ནད་ཡམས་གསར་བའི་སྐབས་ཨ་རིའི་རྒྱལ་སར་མི་ཚོས་ཁ་རས་གྱོན་ནས་བསྐྱོད་བཞིན་པ། ༢༠༢༠།༣།༢༨
ཏོག་དབྱིབས་ནད་ཡམས་གསར་བའི་སྐབས་ཨ་རིའི་རྒྱལ་སར་མི་ཚོས་ཁ་རས་གྱོན་ནས་བསྐྱོད་བཞིན་པ། ༢༠༢༠།༣།༢༨
Lhuboom/RFA

དབྱིན་ཇིའི་སྲིད་བློན་མཆོག་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་ཛ་དྲག་སྨན་བཅོས་ཁང་ནས་ཉིན་གཉིས་བསྡད་རྗེས་ནད་གཞི་དྲག་སྐྱེད་ཡོང་བཞིན་པ་དབྱིན་ཇིའི་ཕྱི་སྲིད་དཔོན་རིགས་ཀྱིས་གསུང་འདུག
དེ་ཡང་དགུང་ལོ་༥༥་ཕེབས་པའི་དབྱིན་ཇིའི་སྲིད་བློན་སྐུ་ཞབས་(Boris Johnson)་མཆོག་ལ། བདུན་ཕྲག་གཉིས་ཙམ་གྱི་གོང་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོས་ཡོད་པ་ཤེས་རྟོགས་བྱུང་ཡོད་པ་དང་། དེ་ནས་མུ་མཐུད་དུ་ཚ་བ་རྒྱས་ཏེ་ནད་གཞི་ཚབས་ཆེ་རུ་ཕྱིན་པའི་རྐྱེན་གྱིས་འདི་ཚེས་༥་ཉིན་གྱི་དགོང་མོར་དབྱིན་ཡུལ་གྱི་(St Thomas)་སྨན་ཁང་གི་ཛ་དྲག་སྨན་བཅོས་ལྟ་སྐྱོང་ཁང་དུ་སོང་ཡོད་པ་དང་། དེ་ནས་སྨན་བཅོས་བྱས་བའི་ཉིན་གཉིས་ཀྱི་རྗེས་འདི་ཚེས་༨་ཉིན། ཁོང་གི་ནད་གཞིའི་གནས་སྟངས་ཇེ་ལེགས་སུ་སོང་ཡོད་པ་སྲིད་བློན་གྱི་མགྲིན་ཚབ་པ་(Dominic Raab)་ལགས་ཀྱིས་འགྲེལ་བརྗོད་གནང་ཡོད་འདུག
དེ་བཞིན་དབྱིན་ཇིའི་འཕྲོད་བསྟེན་བློན་ཆེན་གཞོན་པ་(Edward Argar)་ལགས་ཀྱིས་གསུང་ན། སྲིད་བློན་མཆོག་ད་ཆ་ནད་གཞི་ཇེ་ལེགས་དང་། གཟུགས་གཞི་དང་སེམས་ཁམས་གཉིས་ཀ་ཡག་པོ་ཡོད་ཐོག ད་ལྟའི་ཆར་སྲིད་བློན་མཆོག་གིས་སྲོག་འཛིན་རླུང་(Oxygen)་བཞེས་ཀྱི་ཡོད་ཀྱང་། དབུགས་གཏོང་རམ་འདེགས་ཡོ་ཆས་བེད་སྤྱོད་བྱ་དགོས་ཀྱི་མེད་པ་བརྗོད་ཡོད་འདུག   
ཨིན་ཇིའི་སྲིད་བློན་མཆོག་ལ་ཏོག་དབྱིབས་ནད་ཡམས་འགོས་ནས་སྨན་བཅོས་གནང་བཞིན་པའི་སྐབས་འདིར། དབྱིན་ཡུལ་དུ་ནད་ཡམས་ཁྱབ་གདལ་ཤུགས་ཆེ་འགྲོ་ཉེན་ཡོད་པ་ཚན་རིག་པ་དང་སྨན་པ་ཚོས་ཉེན་བརྡ་བཏང་བའི་འོག རྒྱལ་ནང་དུ་འགྲོ་འོང་བཀག་སྡོམ་བྱེད་མིན་གྱི་གནད་དོན་ཐོག་རྩོད་གླེང་བྱེད་བཞིན་ཡོད་ཅིང་། དབྱིན་ཇི་གཞུང་གི་དཔོན་རིགས་ཚོས་དེ་ནི་དབྱིན་ཇིའི་ལོ་རྒྱུས་ནང་རྒྱུན་རིང་ཛ་དྲག་གི་ཐབས་ལམ་བེད་སྤྱོད་བྱེད་རྒྱུའི་དུས་སྐབས་ཤིག་ཡིན་པར་ངོས་འཛིན་གནང་གི་ཡོད་པ་རེད།
ཕྱི་ཟླ་བཞི་བའི་ཚེས་༨་བར་དབྱིན་ཡུལ་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཕོག་ཡོད་པ་ནད་པ་མི་གྲངས་༦༠༧༣༣་ཐོན་པ་དང་། དེའི་ཁྲོད་མི་གྲངས་༧༠༩༧་ཙམ་རྐྱེན་འདས་སུ་ཕྱིན་འདུག་ལ། དབྱིན་ཇིའི་རྒྱལ་ཡོངས་སུ་ད་བར་མི་གྲངས་༢༡༣༡༨༡་ལྷག་ལ་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་བྱས་ཡོད་ཅིང་། དབྱིན་ཇི་རྒྱལ་ཡོངས་ཀྱི་མི་འབོར་ས་ཡ་དྲུག་ཅུ་རེ་བརྒྱད་ལྷག་ཡོད་པ་རེད།
དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༤ ་པའི་ཚེས་༨་ཉིན་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༦་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༡༥༠༡༦༤༡་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༨༧༥༢༥་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། སུ་པན། ཨེ་ཊ་ལི། ཧྥ་རན་སུ། རྒྱ་ནག ཇར་མན་བཅས་ཡིན་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།