ཆོས་ཞུའི་རིང་སྤྱི་ཚོགས་རྒྱང་བཀྱེད་ལ་བསྟེན་དགོས་བ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་འབོད་སྐུལ།

2020-05-12
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
OHHDL

རིང་མིན་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཆོས་འབྲེལ་གནང་སྐབས་ཆོས་ཞུ་བ་ཚོས་ནད་ཡམས་སྐབས་ཀྱི་སྤྱི་ཚོགས་རྒྱང་བཀྱེད་ལག་བསྟར་དགོས་བ་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་འབོད་སྐུལ་གནང་འདུག
འདི་ཚེས་༡༢་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས། རིང་མིན་བོད་ཀྱི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་གསུང་ཆོས་བསྩལ་རྒྱུ་དང་འབྲེལ་བའི་ཐད་དམིགས་བསལ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་འཁོད་དད་ལྡན་མང་ཚོགས་སྤྱི་སྒེར་དུ་མས་ཡང་ནས་ཡང་དུ་གསོལ་འདེབས་ཞུས་བ་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་ ༥ ་ཚེས་ ༡༦ ་དང་༡༧ ་ཉིན་གཉིས་ཀྱི་རིང་། རྒྱ་གར་གྱི་ཞོགས་པའི་ཆུ་ཚོད་༨་ནས་༩།༣༠་བར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་། བཞི་པའི་སྟེང་ནས་བཀའ་འཁྲིད་དང་། དེ་བཞིན་གཉན་འཕྲང་ཅན་གྱི་དུས་འདིར་སྐབས་བབ་ཀྱི་ལམ་སྟོན་བཀའ་སློབ་ཡང་སྩལ་གཏན་འཁེལ་བ་ཡོད། དེ་བས་སྤྱིར་ནད་ཡམས་གཏན་མེད་དུ་མ་ཞི་བར་དང་། ལྷག་པར་ད་སྐབས་ནད་ཡམས་ཁྱབ་བཞིན་པའི་དུས་སྐབས་ཀྱི་བཀའ་ཆོས་ཉིན་གཉིས་ཀྱི་རིང་ཚོགས་པ་དང་དགོན་སྡེ་ཆེ་ཆུང་སོགས་ཅི་འདྲ་ཞིག་ཡིན་རུང་། ཡོངས་གྲགས་ཀྱི་ནད་ཡམས་ཁྱབ་གདལ་སྔོན་འགོག་ལ་དམིགས་པའི་ལག་ལེན་སྤྱི་དང་། ཁྱད་པར་ཆོས་ཞུ་བ་རྣམས་ཀྱིས་ཕན་ཚུན་བར་ཐག་བཅད་དེ་སྤྱི་ཚོགས་རྒྱང་བཀྱེད་ཀྱི་འགྲོ་འདུག་གི་སྤྱོད་ལམ་བསྟེན་ཕྱོགས་སོགས་ས་གནས་སོ་སོའི་བཀའ་རྒྱ་ལས་ནམ་ཡང་མི་འདའ་བར་བཀའ་ཆོས་གསན་གཟིགས་གནང་རོགས་ཞེས་འབོད་སྐུལ་བྱས་འདུག ད་དུང་དེའི་ཐད་ལས་ཀྱི་སྣེ་མོར་གཏོགས་པ་ཐམས་ཅད་ནས་བཀའ་ཆོས་ཀྱི་ཆེད་ཐོག་མར་ཡར་འཛོམས་པའི་སྐབས་དང་། དངོས་གཞི་བཀའ་ཆོས་འཚོགས་པའི་སྐབས། དེ་བཞིན་མར་གྲོལ་བའི་སྐབས་བཅས། མདོར་ན་ཐོག་མཐའ་བར་གསུམ་དུ་དོ་གལ་ཆེན་པོས་སྟངས་འཛིན་ཆེས་ཆེར་གནང་རོགས་ཅེས་དང་། གནས་ཚུལ་གཉན་འཕྲང་ཅན་གྱི་སྐབས་འདིར་རང་གཞན་ཀུན་ནས་དོན་མེད་ཀྱི་གླེང་གཞི་མི་ཡོང་བ་དང་། ལྷག་པར་ནད་ཡམས་སྔོན་འགོག་གི་ལག་ལེན་རྣམས་ལ་ལྷོད་ཡངས་མི་ཡོང་བའི་ཐུགས་འགན་ཆེ་བཞེས་གནང་དགོས་བ་ནན་སྐུལ་བྱས་འདུག
གནས་ཚུལ་ལྟར་ན། ད་རེས་དྲ་ལམ་བརྒྱུད་གསུང་ཆོས་ཐད་གཏོང་དེ་རྒྱ་སྐད། ཧིན་སྐད། ཝི་ཏི་ནམ། ར་ཤཱི་ཡའི་སྐད། སོག་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སྐད། སི་པིན་ནེ་ཤེའི་སྐད། འཇར་མན་སྐད། ཕོར་ཅི་གྷལ་གྱི་སྐད། ཧྥ་རན་སིའི་སྐད། ཨི་ཏྲ་ལི་ཡི་སྐད་བཅས་སུ་གསུང་བསྒྱུར་གྱིས་འབྲེལ་ཡོད་དྲ་ལམ་སོ་སོ་ནས་གསན་གཟིགས་ཐུབ་པ་དང་། དད་ལྡན་ཆོས་ཞུ་བའི་ཁྲོད་སྔོན་ཚུད་ནས་གསུང་ཆོས་སྩལ་རྒྱུའི་དབུ་མ་རིན་ཆེན་ཕྲེང་བའི་ཕྱག་དཔེ་གཟིགས་བློ་ཡོད་ཚེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བོད་ཡིག་དྲ་ཚིག་ནང་ནས་ཕབ་ལེན་ཞུ་ཐུབ་ཀྱི་ཡོད་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།