༧གོང་ས་མཆོག་གིས་ནད་ཡམས་སྐབས་ཉམ་ཐག་ཚོར་ལྟ་སྐྱོང་ལྷོད་མེད་ཡོང་དགོས་པའི་གསུང་འཕྲིན་སྩལ།

2020-03-30
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ནད་ཡམས་སྔོན་འགོག་ལ་ཚང་མས་མཉམ་ལས་དང་ནུས་བ་མཉམ་སྤུངས་དགོས་བ་དང་ཉམ་ཐག་རྣམས་ལ་ལྟ་སྐྱོང་ལྷོད་མེད་ཡོང་བའི་གསུང་འཕྲིན་སྩལ་འདུག
ཉིན་འདི་ཚོར་འཛམ་གླིང་སྤྱི་དང་བྱེ་བྲག་བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་རྒྱ་གར་དུའང་། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་དེ་ཁྱབ་ནས། རྒྱལ་སྤྱིའི་རྒྱལ་ནང་དུ་ཕར་ཚུར་འགྲུལ་བཞུད་བཀག་སྡོམ་དང་། གྲོང་དང་གྲོང་ཁྱེར་མང་པོ་སྒོ་རྒྱབ་ནས་ཡོད་པའི་ཛ་དྲག་དཀའ་ངལ་ཅན་གྱི་དམིགས་བསལ་དུས་ཚོད་ཅིག་ཡིན་པས། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་ཏོག་དབྱིབས་ནད་ཡམས་གསར་བ་དང་འབྲེལ་བའི་དམིགས་བསལ་གསུང་འཕྲིན་ཞིག སྤྱི་ཟླ་༣་པའི་ཚེས་༣༠་ཉིན་བཞུགས་སྒར་ཕོ་བྲང་ནས་སྩལ་འདུག
གསུང་འཕྲིན་ནང་། དེང་སང་འཛམ་གླིང་གང་སར་ནད་ཡམས་ཀྱི་དཀའ་ངལ་དམིགས་བསལ་ཞིག་འཕྲད་མུས་དང་། སྤྱིར་ནས་འཛམ་གླིང་སྤྱིའི་གནམ་གཤིས་ཚ་དྲོད་འགྱུར་ལྡོག་གི་གནས་བབ་ཛ་དྲག་ཏུ་གྱུར་པ་སོགས་དཀའ་ངལ་སྣ་ཚོགས་ཤིག་འཕྲད་བཞིན་ཡོད། འོན་ཀྱང་རྒྱ་གར་གཞུང་གིས་མཚོན་འཛམ་གླིང་གང་ས་ནས་གདོང་ལེན་གནང་མུས་ལ་ཡི་རང་དང་བསྔགས་བརྗོད་ཞུ།
རྒྱ་གར་གནའ་རབས་ཀྱི་རིག་གཞུང་ནང་འཛམ་གླིང་བྱེ་བ་ཕྲག་བརྒྱ་ཆགས་གནས་འཇིག་སྟོང་བར་མ་ཆད་དུ་བྱུང་དང་འབྱུང་མུས་དང་། འཇིག་རྟེན་འདི་འཇིག་པ་ན་མཚོན་དང་ནད་དག་གིས་འཇིག་པར་ཡང་གསུངས་པ་དེ་དག་ནི་ད་ཆར་མངོན་སུམ་ལྟ་བུར་སྣང་། གང་ལྟར་ཡང་འཇིག་རྟེན་འདིར་གོད་ཆགས་སྣ་ཚོགས་འབྱུང་བའི་སྐབས་སོ་སོར་སྲོག་ཆགས་སྤྱི་དང་། མིའི་རིགས་ཀྱིས་གདོང་ལེན་གྱིས་མུ་མཐུད་འཚོ་བཞིན་ཡོད།
ཞུམ་པས་སྡུག་བསྔལ་ལས་མི་གྲོལ་བས་དཀའ་ངལ་ཇི་འདྲ་ཞིག་འཕྲད་ཀྱང་སྙིང་སྟོབས་བསྐྱེད་དེ་མིའི་རྣམ་དཔྱོད་དང་། དེང་དུས་རིག་འཕྲུལ་ཟུང་འབྲེལ་གྱིས་སེལ་ཐབས་བྱེད་དགོས། ཅི་སྟེ་སེལ་དུ་མེད་པའི་དཀའ་ངལ་ཞིག་འཕྲད་ནའང་། གལ་ཏེ་བཅོས་སུ་ཡོད་ན་ནི།། དེ་ལ་མི་དགར་ཅི་ཞིག་ཡོད།། གལ་ཏེ་བཅོས་སུ་མེད་ན་ནི།། དེ་ལ་མི་དགར་བྱས་ཅི་ཕན།། ཞེས་པ་ལྟར་ཡིན་པས་དངངས་སྐྲག་བྱ་དགོས་མེད།
ནད་ཡམས་ནི་མིའི་རིགས་སྤྱི་ལ་འཕྲད་པའི་དཀའ་ངལ་ཞིག་དང་། འཛམ་གླིང་འདི་ཕན་ཚུན་གཅིག་ལ་གཅིག་བརྟེན་ཡིན་སྟབས་ཚང་མས་ནུས་པ་མཉམ་སྤུངས་བྱ་དགོས། སྤྱིར་སྤྱི་སྒེར་ཀུན་གྱིས་སྔོན་འགོག་ལ་ཧུར་ཐག་དང་། རིམས་ནད་འདི་འགོག་སླད་རྒྱལ་ཁབ་དུ་མས་མཉམ་ལས་དང་། རང་རེ་གནས་ཡུལ་རྒྱ་གར་ནས་ཀྱང་ཁྱིམ་མཚེས་རྒྱལ་ཁབ་བརྒྱད་དང་མཉམ་ལས་བྱ་འཆར་དེ་དག་ནི་ཆེས་དགོས་གལ་དུ་མཐོང་། སླད་མར་དཀའ་ངལ་གཞན་སེལ་བ་ལའང་མིག་དཔེར་འོས་པ་ཞིག་ཏུ་མངོན།
དུས་འདིར་ང་ཚོས་སྣང་མེད་དུ་ཤོར་མི་རུང་བ་ཞིག་ནི། ད་ཐེངས་ནད་ཡམས་སྔོན་འགོག་གི་རྐྱེན་པས་བཟོ་པ་སོགས་དང་འཚོ་རྟེན་ངེས་མེད་ཀྱི་ཉམ་ཐག་རྣམས་ལ་དཀའ་ངལ་འཕར་མ་འཕྲད་པར་ཀུན་གྱིས་ཡིད་གཟབ་ལྟ་སྐྱོང་ལྷོད་མེད་ཡོང་བ་དང་། དཀའ་ངལ་ཆེན་པོ་ཞིག་ལ་གདོང་ལེན་གནང་བཞིན་པའི་སྨན་པ་དང་། སྨན་ཞབས་སོགས་འབྲེལ་ཡོད་ལས་བྱེད་ཀུན་ལའང་དམིགས་བསལ་ཐུགས་རྗེ་ཆེ་ཞུ།
མཐའ་མར། འཛམ་གླིང་ས་ཕྱོགས་གང་སར་དཀའ་ངལ་གྱི་གནས་སུ་ལྷུང་བའི་མཆེད་གྲོགས་ཕོ་མོ་རྣམས་ལ་དེ་བས་གདུང་སེམས་མཉམ་བསྐྱེད་དང་། ནད་ཡམས་འདི་མྱུར་དུ་ཆད་ནས་འཛམ་གླིང་སྔར་བཞིན་བདེ་སྐྱིད་དང་ལྡན་པར་ཡོང་བའི་རེ་བ་དང་། གསོལ་འདེབས་སྨོན་ལམ་རྟག་ཏུ་བྱེད་མུས་བཅས་འཁོད་ཡོད་ཅིང་། རྒྱ་གར་ནང་ད་ཆ་ཏོག་དབྱིབས་ནད་འབུ་གསར་བ་འགོས་བའི་ནད་པ་༡༡༢༢་དང་འདས་གྲོངས་སུ་གྱུར་པ་༣༠་ཆགས་ཡོད་པ་རེད། བཙན་བྱོལ་ནང་རྒྱ་གར་དུ་བོད་མི་གཅིག་དང་། དབྱིན་ཇི་རྒྱལ་ཁབ་ནང་གཅིག་བཅས་ཏོག་དབྱིབས་ནད་ཡམས་དང་འབྲེལ་འདས་གྲོངས་སོང་ཡོད་པ་མ་ཟད། ཡོ་རོབ་ཧྥ་རན་སི་དང་། ཨེ་ཏྲ་ལི། སུད་སི་བཅས་ཀྱི་ནང་དུའང་བོད་མི་རེ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ། ཉེ་ལམ་སྲིད་སྐྱོང་བློ་བཟང་སེང་གེ་ལགས་ཀྱིས་གསལ་བཤད་གནང་ཡོད་པ་རེད།
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་༣༠་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༢་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༦༩༣༢༢༤་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༣༣༡༠༦་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། ཨེ་ཊ་ལི། རྒྱ་ནག སུ་པན། ཇར་མན་བཅས་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།