བཙན་བྱོལ་བོད་མི་གནས་སྡོད་ས་ཁུལ་ནང་ཏོག་དབྱིབས་ནད་པ་ཇེ་མང་དུ་འགྲོ་བཞིན་འདུག

2020-09-16
གློག་འཕྲིན།
མཆན།
Share
པར་བཀོད།
གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་(Canara Bank)་དངུལ་ཁང་གི་མདུན་དུག་སེལ་བྱེད་བཞིན་པ། ༢༠༢༠།༩།༡༥
གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་(Canara Bank)་དངུལ་ཁང་གི་མདུན་དུག་སེལ་བྱེད་བཞིན་པ། ༢༠༢༠།༩།༡༥
བློ་བཟང་དགེ་ལེགས།/RFA

ཅོན་ཏ་རཱ་བོད་ཁྱིམ་སློབ་གྲྭའི་ནང་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་བརྒྱད་དང་རྡ་རམ་སཱ་ལའི་གངས་ཅན་སྐྱིད་གཤོངས་ནས་གཅིག་ཐོན་འདུག
རྒྱ་གར་བྱང་ཕྱོགས་ཧི་མ་ཅལ་མངའ་སྡེའི་ནང་ཡོད་པའི་ཅོན་ཏ་རཱ་བོད་ཁྱིམ་སློབ་གྲྭའི་ནང་འདི་ཚེས་༡༤་ཉིན་(covid-19)་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་དྲུག་དང་། དེའི་སྔོན་ལ་གཉིས་བཅས་ཁྱོན་ནད་པ་མི་གྲངས་༨་ཐོན་ཡོད་པ་དང་། དེའི་ཁོངས་སུ་བོད་ཁྱིམ་ཀྱི་སློབ་ཕྲུག་གཅིག་ཀྱང་མེད་པ་ཅོན་ཏ་རཱ་བོད་ཁྱིམ་སློབ་གྲྭའི་སློབ་སྤྱི་རྒན་པ་སངས་ཚེ་རིང་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
ཁོང་གིས། ཐོག་མ་འདི་ཚེས་༣་ཉིན་ལ་དྭགས་ནས་ན་གཞོན་གཅིག་དང་རྡེ་རཱ་ལྡུན་ནས་ན་གཞོན་གཅིག་བཅས་འབྱོར་བ་ཁོང་གཉིས་ཟུར་བཀག་ནང་བཞག་ནས་རྗེས་སུ་བརྟག་དཔྱད་སྐབས། གཉིས་ཀར་(covid-19)་ཏོག་དབྱིབས་ནད་རྟགས་ཡོད་པ་ཐོན་པ་དང་། ཡང་ཚེས་༨་ཉིན་ལྡི་ལི་ནས་གཅིག་དང་། མོན་གྷོ་ནས་གཅིག་འབྱོར་བ་གཉིས་ལ་བརྟག་དཔྱད་བརྒྱུད་ནས་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་ཐོན་ནས་ཁོང་གཉིས་དང་འབྲེལ་བ་ཡོད་པའི་ལས་བྱེད་གསུམ་དང་ཁ་གློ་བ་གཅིག་བཅས་ཁྱོན་ད་བར་ནད་པ་བརྒྱད་ཐོན་ཡོད་ཅེས་དང་། ཁོང་རྣམས་ཚང་མར་ནད་རྟགས་གང་ཡང་མེད་པར་ནད་ཡམས་དེ་འགོས་ཡོད་པ་དང་། ཟུར་བཀག་ནང་ཡོད་པའི་སྐབས་སུ་བརྟག་དཔྱད་བྱས་ནས་ཤེས་རྟོགས་བྱུང་བར་བརྟེན་སློབ་གྲྭའི་ལས་བྱེད་དང་སློབ་ཕྲུག་ཚོར་འབྲེལ་བ་གང་ཡང་བྱུང་མེད་པ་མ་ཟད། ད་ལྟའི་ཆར་ཁོང་རྣམས་ཟུར་བཀག་མི་འདྲ་བ་ཁག་གཉིས་ཀྱི་ནང་བཞག་ཡོད་པ་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་ཡང་ཟླ་༩་པའི་ཚེས་༡༤་ཉིན་རྒྱ་གར་རྡ་རམ་སཱ་ལར་ཆགས་པའི་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་ཅན་སྐྱིད་གཤོངས་སུ་ཡོད་པའི་རྒྱ་གར་གཞུང་གི་ཀེ་ནཱ་རཱ་དངུལ་ཁང་(Canara Bank)་གི་ལས་བྱེད་རྒྱ་གར་བ་ཞིག་ལ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་བའི་གནས་ཚུལ་ཐོན་པ་དང་། དེ་མ་ཐག་དངུལ་ཁང་དེ་ཉིན་གྲངས་ལྔའི་རིང་སྒོ་རྒྱག་རྒྱུ་ཡིན་པ་གསལ་བསྒྲགས་སྤེལ་འདུག་པ་མ་ཟད། འདི་ཚེས་༡༥་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲུང་ཡིག་ཚང་ནས་གོང་ཞུས་གནས་ཚུལ་དང་འབྲེལ་བའི་གསལ་བསྒྲགས་སྤེལ་ནས། འདི་ཚེས་༧་ནས་༡༤་བར་ཀེ་ནཱ་རཱ་དངུལ་ཁང་དང་འབྲེལ་བ་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཇི་ཙམ་ཡོད་མིན་སྐོར་ཞིབ་བཤེར་བྱས་སྐབས་ད་བར་ལས་བྱེད་༢༦་ཙམ་ཞིག་ཀེ་ནཱ་རཱ་དངུལ་ཁང་དུ་ཕེབས་ཏེ་འབྲེལ་བ་བྱུང་ཡོད་པ་འགྲེལ་བརྗོད་བྱས་འདུག
དེའི་ཐད་བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གནས་ཚུལ་དེ་ཐོན་མ་ཐག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འདི་ཚེས་༡༥་ཉིན། ལས་ཁུངས་ཆ་ཚང་སྒོ་རྒྱབ་སྟེ་ལས་ཁུངས་སོ་སོའི་ནང་དུག་སེལ་བྱས་ནས་སྔོན་འགོག་གི་ལས་གཞི་ཁག་སྤེལ་ཡོད་པ་དང་། འདི་གའི་འཕྲོད་བསྟེན་ལས་ཁུངས་ནས་ནད་ཡམས་འགོས་ཡོད་པའི་ཀེ་ནཱ་རཱ་དངུལ་ཁང་གི་ལས་བྱེད་དེ་དང་འབྲེལ་བ་བྱུང་བའི་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཆ་ཚང་གི་ཐོ་གཞུང་མུ་མཐུད་བསྡུ་རུབ་བྱས་དང་བྱེད་མུས་ཡིན་པ་འགྲེལ་བརྗོད་གནང་ཡོད།
བོད་མིའི་སྒྲིག་འཛུགས་ཀྱི་ཝུའུ་ཧན་ཏོག་དབྱིབས་གཉན་རིམས་ཛ་དྲག་ངེས་གསལ་ཚོགས་ཆུང་གི་དྲ་གནས་ནང་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་བལ་འབྲུག་གསུམ་གྱི་ནང་ད་བར་རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་རིམ་ནད་འགོས་པའི་ནད་པ་གྲངས་༢༨༢་བྱུང་བ་དང་། ནད་མནར་བཞིན་པ་མི་གྲངས་༡༦༣། འདས་གྲོངས་སུ་ཕྱིན་པ་མི་གྲངས་༡༡། དྲག་སྐྱེས་བྱུང་བ་མི་གྲངས་༡༠༨་བཅས་བྱུང་ཡོད་པ་བཀོད་འདུག
རྒྱ་གར་གཞུང་གི་འཕྲོད་བསྟེན་ལས་ཁུངས་ཀྱིས་ཕྱི་ཟླ་༩་ཚེས་༡༦་ཉིན་གྱི་ཉིན་རྒྱབ་ཆུ་ཚོད་༡༢་བར་ཏོག་དབྱིབས་ནད་ཡམས་འགོས་པའི་ནད་པ་གྲངས་༥༠༢༠༣༥༩་དང་། དྲག་སྐྱེས་བྱུང་བ་མི་གྲངས་༣༠༩༤༣༦༠ ནད་མནར་བཞིན་པ་༩༩༥༩༣༣། འདས་གྲོངས་སུ་ཕྱིན་པ་༨༢༠༦༦ བཅས་བྱུང་ཡོད་པ་རེད་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༡༦་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་༢༩་དང་བརྒྱད་འབུམ་ལྔ་ཁྲི་ལྷག་བྱུང་བའི་ཁྲོད། ནད་པ་མི་གྲངས་དགུ་འབུམ་བཞི་ཁྲི་ཆིག་སྟོང་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་ཆ་ནད་པ་མང་ཤོས་ཨ་མི་རི་ཀ་དང་། རྒྱ་གར། བྷིར་ཛལ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་དང་། ཨ་རིའི་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཟིན་པའི་ནད་པ་ས་ཡ་དྲུག་དང་འབུམ་བདུན་ལྷག་བྱུང་བ་ལས་མི་གྲངས་ཆིག་འབུམ་དགུ་ཁྲི་ལྷག་གི་ཚེ་སྲོག་ཤོར་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།