ནད་ཡམས་སྔོན་འགོག་ཆེད་མོན་གྷོ་འདོད་རྒུ་གླིང་དུ་བོད་མི་༢༠༠་ཙམ་ཟུར་བཀག

2020-03-25
གློག་འཕྲིན།
མཆན།
Share
པར་བཀོད།
ནད་ཡམས་སྔོན་འགོག་ཆེད་མོན་གྷོ་འདོད་རྒུ་གླིང་དུ་བོད་མི་༢༠༠་ཙམ་ཟུར་བཀག་བྱས་ཡོད་པ། ༢༠༢༠།༣།༢༥
ནད་ཡམས་སྔོན་འགོག་ཆེད་མོན་གྷོ་འདོད་རྒུ་གླིང་དུ་བོད་མི་༢༠༠་ཙམ་ཟུར་བཀག་བྱས་ཡོད་པ། ༢༠༢༠།༣།༢༥
པདྨ་དངོས་གྲུབ།/RFA

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་ཆེད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ་ཕྱི་ནས་འབྱོར་བའི་བོད་མི་༢༠༠་ཙམ་ཟུར་བཀག་བྱས་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས། རྒྱ་གར་ནང་ཁྱབ་གདལ་མི་འགྲོ་བའི་སྔོན་འགོག་ཆེད་རྒྱ་གར་རྒྱལ་ཡོངས་ཉིན་གྲངས་༢༡་རིང་ཡོངས་སུ་སྒོ་རྒྱབ་ནས་འགྲོ་བསྐྱོད་བཀག་སྡོམ་བྱས་ཡོད་པ་དང་། ནད་ཡམས་དེ་སྔོན་འགོག་ཆེད་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་དུ། ཟླ་བ་འདིའི་ཕྱི་ཚེས་༢༤་ཉིན་བར་ཕྱི་ནས་འབྱོར་བའི་དགེ་འདུན་པ་དང་། སློབ་ཕྲུག་བཅས་ཁྱོན་བོད་མི་༢༠༠་ཙམ་ཞིག འདོད་རྒུ་གླིང་བོད་ཁྱིམ་སློབ་ཕྲུག་གི་སྡོད་ཁང་དང་། གཞན་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་གཉིས་ཀྱི་གྲྭ་ཚང་ཁག་བཞིའི་མགྲོན་ཁང་སོགས་ཀྱི་ནང་བདུན་ཕྲག་གཉིས་ཀྱི་རིང་ཟུར་བཀག་གིས་བོད་མི་དེ་དག་ལ་ནད་ཡམས་དེའི་ནད་རྟགས་ཡོད་མེད་བརྟག་དཔྱད་གནང་བཞིན་ཡོད་པ། འདོད་རྒུ་གླིང་ས་གནས་འགོ་འཛིན་ལྷག་པ་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་བྱུང་།
ཟུར་བཀག་བྱས་ཡོད་པའི་ཁྲོད་ཀྱི་བློ་བཟང་ཕུན་ཚོགས་ལགས་ཀྱིས་གསུངས་ན། ཁོ་རང་ཉེ་སྔོན་མ་སུ་རི་བོད་ཁྱིམ་སློབ་གྲྭ་གུང་སེང་བཏང་བར་བརྟེན་བུ་ཕྲུག་བསུ་བར་སོང་བ་དང་། ནད་ཡམས་དེ་རང་གཞན་ཀུན་ལ་འགོས་ཁྱབ་མི་འགྲོ་བའི་ཆེད་ཟུར་བཀག་དང་བརྟག་དཔྱད་བྱེད་རྒྱུ་གལ་ཆེན་ཡིན་པ་ངོས་འཛིན་གནང་གི་འདུག
དེ་བཞིན་ཡང་ས་གནས་འཕགས་བོད་གཉིས་ཀྱི་འཕྲོད་བསྟེན་ཚོགས་ཆུང་གིས། གཞིས་ཁོངས་སུ་སྔོན་འགྲོའི་ལས་གཞི་སྤེལ་བཞིན་པ་ནི། ཕྱི་རྒྱལ་ནས་འབྱོར་བའི་བོད་མི་རྣམས་ཀྱི་གྲངས་ཐོ་ཞིབ་འཇུག་དང་། ནད་འབུ་འགོས་ཡོད་མེད་བརྟག་དཔྱད་ཞིབ་འཇུག་གནང་གི་ཡོད་ལ། ད་བར་ནད་རྟགས་ཡོད་པ་གཅིག་ཀྱང་ཐོན་མེད་པ་རྒྱ་གར་ས་གནས་གཞུང་གི་སྨན་ཁང་གི་སྨན་པ་ཨེ་ཇེ་ཧྥན་གྷུ་རེ་ལགས་ཀྱིས་འགྲེལ་བརྗོད་གནང་གི་འདུག
ཟླ་བ་འདིའི་ཕྱི་ཚེས་༡༩་ཉིན་ཀར་ཝར་རྫོང་གི་རྫོང་དཔོན་མཆོག་གིས། མོན་གྷོ་འདོད་རྒུ་གླིང་དུ་ཏོག་དབྱིབས་ནད་དུག་ཁྱབ་གདལ་མི་འགྲོ་བའི་སྔོན་འགོག་ཆེད། རྒྱ་གར་གྱི་ཁྲིམས་གཞི་དོན་ཚན་༡༤༤་ལག་བསྟར་གྱིས་གཞིས་ཁུངས་དེའི་ནང་མི་ལྔ་ལྷག་འདུ་འཛོམས་མི་ཆོག་པའི་བཀོད་ཁྱབ་བཏང་ཡོད་པ་ལྟར། བོད་མི་རྣམས་གཞིས་གྲོང་ནས་ཛ་དྲག་གིས་ཕྱིར་འགྲོ་དགོས་བྱུང་ཚེ་ས་གནས་འགོ་འཛིན་ལས་ཁུངས་ནས་ཆོག་མཆན་ཞུ་དགོས་པ་བཟོས་འདུག
ཡིན་ཡང་འདི་ཚེས་༣༡་ཉིན། ས་གནས་རྫོང་དཔོན་གྱིས། ས་གནས་ཀྱི་གནས་སྟངས་ལ་རྟོག་ཞིབ་གནང་རྗེས་རིམ་པས་ལས་དོན་སྤེལ་ཕྱོགས་ཐག་གཅོད་གནང་རྒྱུ་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།