ཏོག་དབྱིབས་ནད་ཡམས་ཐད་རྒྱ་ནག་གཞུང་ལ་འགན་འཁྲི་ཡོད་པ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐྱོན་བརྗོད།

2020-04-06
གློག་འཕྲིན།
མཆན།
Share
པར་བཀོད།
ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་རྒྱ་ནག་ལ་ཟུར་ཟའི་རི་མོ།
ཏོག་དབྱིབས་ནད་ཡམས་དང་འབྲེལ་ནས་རྒྱ་ནག་ལ་ཟུར་ཟའི་རི་མོ།
TYC/FB

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཐད་རྒྱ་ནག་གཞུང་ལ་འགན་འཁྲི་ཡོད་པ་བཟོ་དགོས་བ་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐྱོན་བརྗོད་དང་མིང་རྟགས་བསྡུ་རུབ་གྱི་ལས་འགུལ་སྤེལ་བཞིན་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་གཞུང་འཛིན་གྱིས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འདི་བཞིན་འཛམ་གླིང་གི་ཡུལ་གྲུ་གང་སར་ཁྱབ་གདལ་དུ་བཏང་བར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྐྱོན་བརྗོད་བྱས་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ནད་ཡམས་འདིའི་ཐད་རྒྱ་ནག་ལ་འགན་འཁྲི་ཡོད་པ་བཟོ་དགོས་པ་མ་ཟད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros)་གྱིས་འཕྲལ་དུ་དགོངས་པ་ཞུ་དགོས་པ་དྲ་རྒྱ་བརྒྱུད་ནས་ས་རྟགས་བསྡུ་རུབ་ཀྱི་ལས་འགུལ་སྤེལ་བཞིན་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་ལ་སྙན་ཞུ་ཞིག་འབུལ་ལམ་ཞུ་རྒྱུ་དེར་མང་ཚོགས་ཀྱི་ས་རྟགས་བསྡུ་རུབ་ཀྱི་གནང་བཞིན་པ་དེ་ནི། འདི་ཟླའི་ཚེས་༤་ཉིན་དབུ་འཛུགས་གནང་བ་དང་། དེའི་ནང་ད་བར་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ད་ཆ་འཛམ་གླིང་མི་དམངས་ཁྲི་ལྔ་ལྷག་རྐྱེན་ལམ་དུ་ཕྱིན་པ་དང་། མི་གྲངས་ས་ཡ་གཅིག་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་མ་ཟད། འཛམ་གླིང་གི་དཔལ་འབྱོར་ལ་གནོད་སྐྱོན་ཚབས་ཆེན་པོ་བཏང་ཡོད་ལ། ད་དུང་ཡང་གནས་སྟངས་ཉིན་རེ་ནས་ཉིན་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་འཁོད་འདུག
ད་དུང་རྒྱ་ནག་གཞུང་གིས་ནད་ཡམས་དེའི་སྐོར་ཕྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༡༢་པའི་འགོ་སྟོད་ནས་ཤེས་ཀྱི་ཡོད་པ་དང་། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནང་གི་(Jinyintan)་སྨན་ཁང་གི་སྨན་པ་(Li Wenliang)་ཡིས་ནད་ཡམས་དེ་ཡོད་པའི་ནད་པ་ཞིག་བཅོས་ཐབས་གནང་སྐབས། ནད་པ་དེར་(SARS)་དང་མཚུངས་པའི་ནད་རྟགས་ཡོད་པ་རྒྱ་ནག་གི་སྤྱི་ཚོགས་དྲ་བརྒྱུད་ནས་བཀའ་བསྡུར་གནང་བར། ཁོང་གིས་གཞི་རྩ་མེད་པ་དང་། ཁྲིམས་འགལ་གྱི་དཀྲོག་གཏམ་སྤེལ་ཉེས་འཛུགས་ཀྱིས་འབོད་འགུག་དང་། དཀྲོག་གཏམ་ཡིན་པའི་ཁས་ལེན་ཡིག་གེར་བཙན་གྱིས་མིང་རྟགས་རྒྱག་བཅུག་ནས་གནས་ཚུལ་གསང་ཐབས་དང་འགོག་ཐབས་བྱས་ཡོད། རྗེས་སུ་སྨན་པ་ཁོང་ལ་ནད་ཡམས་དེ་འགོས་ནས་ཕྱི་ཟླ་༢་ཚེས་༢་ཉིན་འདས་གྲོངས་སུ་ཕྱིན་པ་རེད་ཅེས་དང་། འདི་ལོའི་ཕྱི་༡་ཚེས་༢༡་ཉིན་རྒྱ་གཞུང་གིས་ནད་གཞི་དེ་མི་ནས་མི་ལ་འགོས་ཀྱི་ཡོད་པ་ཤེས་བཞིན་དུ་ཝུའུ་ཧན་ནང་གི་མི་དམངས་ས་ཡ་༡༡་གྱིས་རྒྱ་ནག་རྒྱལ་ཡོངས་སུ་ནད་ཡམས་དེ་ཁྱབ་གདལ་བཏང་པའི་རྐྱེན་གྱིས། ཉི་ཧོང་དང་། ལྷོ་ཀོ་རི་ཡ། ཐེ་ལེན་ཊི། ཨ་མི་རི་ཀ་བཅས་ཀྱིས་ནད་ཡམས་དེ་འགོག་རྒོལ་བྱེད་རྒྱུ་ཕྱི་དྲག་ཐག་ཆོད་པ་རེད། ཡང་ཐེ་ཝན་གྱིས་ཕྱི་ཟླ་༡༢་པའི་ནང་ནད་ཡམས་དེ་ཚབས་ཆེ་ཡིན་སྐོར་སྔོན་བརྡ་བཏང་ན་ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཛ་དྲག་གི་ཐབས་ཤེས་གང་ཡང་དང་ལེན་མ་བྱས་པ་དང་། ཕྱི་ཟླ་༢་ཚེས་༡༡་ཉིན་གཞི་ནས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཛ་དྲག་ནད་ཡམས་ཤིག་ཡིན་སྐོར་གསལ་བསྒྲགས་བྱེད་དུས་ནད་ཡམས་དེ་ཡུལ་གྲུ་མང་པོར་ཁྱབ་ཟིན་ནས་མི་འདས་གྲོངས་འགྲོ་མཁན་ཇེ་མང་དུ་ཕྱིན་ཡོད། གལ་ཏེ་རྒྱ་ནག་གཞུང་གིས་ནད་ཡམས་དེ་ཁྱབ་གདལ་འགོག་ཐབས་ཀྱི་ལས་དོན་འཕྲལ་དུ་སྤེལ་བ་དང་། གནས་ཚུལ་ཕྱི་གསལ་ནང་གསལ་བཟོས་ཡོད་ཚེ་ནད་ཡམས་དེ་ཝུའུ་ཧན་ནས་དེ་ཙམ་ཁྱབ་ཐུབ་མེད་པར་སྔོན་འགོག་བྱེད་ཐུབ་ངེས་ཀྱང་། རྒྱ་ནག་གཞུང་གིས་དངོས་ཡོད་གནས་ཚུལ་བཀབ་པ་དང་། ནད་དེ་ཚབས་ཆེན་ཡིན་པའི་དཔང་རྟགས་ཁག་རྩ་མེད་བཟོས་པའི་རྐྱེན་གྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་གནས་ཚུལ་དུས་ཐོག་མ་ཐོབ་སྟབས་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱ་ནག་ཐོག་དཔྱད་ཞིབ་གནང་སྟེ། རྒྱ་ནག་གཞུང་ལ་ད་ཐེངས་ནད་ཡམས་ཐད་འགན་འཁྲི་ཡོད་པ་བཟོ་དགོས་པ་དང་། ཡང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros)་ཡིས་རྒྱ་ནག་གཞུང་གིས་གང་བཤད་ལ་ཉན་ནས་ཛ་དྲག་ལས་དོན་འཐུས་ཤོར་བཏང་བ་སོགས་ལ་བརྟེན་ཁོང་གིས་ལས་གནས་ནས་འཕྲལ་དུ་དགོངས་པ་ཞུ་དགོས་བ་སོགས་ཀྱི་དགོས་འདུན་བཏོན་ནས་མིང་རྟགས་བསྡུ་རུབ་བྱེད་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།