ལྷ་སའི་གཙུག་ལག་ཁང་གི་མདུན་གྱི་འཛུགས་བསྐྲུན་ལས་གཞི་ལ་རྒྱལ་ཚོགས་ཀྱིས་དོ་སྣང་བྱེད་དགོས།

2020-05-08
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༥
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༢༠།༥
བོད་འབྱོར།

ལྷ་སའི་གཙུག་ལག་ཁང་གི་མདུན་རྒྱ་ལུགས་ལྡིང་ཁང་སོགས་ཀྱི་འཛུགས་བསྐྲུན་ལས་གཞི་ལ་རྒྱལ་ཚོགས་ཀྱི་གནའ་ཤུལ་རིག་དངོས་སྲུང་སྐྱོབ་ཚན་པས་དོ་སྣང་བྱེད་དགོས་བའི་འབོད་སྐུལ་བྱས་འདུག
ཉིན་ཤས་གོང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བརྙན་པར་དང་བཅས་གནས་ཚུལ་འབྱོར་བ་ལྟར། ལྷ་སའི་བར་སྐོར་ནང་འགྲོ་བསྐྱོད་བཀག་པའི་རིང་གཙུག་ལག་ཁང་གི་མདུན་དུ་ཡོད་པའི་ལོ་རྒྱུས་རང་བཞིན་ཅན་གྱི་དབོན་ཞང་རྡོ་རིང་ཐོག་འཛུགས་བསྐྲུན་གྱི་ལས་གཞི་ཞིག་སྤེལ་བཞིན་ཡོད་པའི་གནས་ཚུལ་སྤེལ་ཡོད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཧྥ་རན་སི་ནང་ཡོད་པའི་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ལྷན་ཁང་གི་ཁྱབ་ཁོངས་འཛམ་གླིང་རིག་གནས་གནའ་ཤུལ་ལྟེ་གནས་ཁང་ལ། གོང་ཞུས་གཙུག་ལག་ཁང་གི་མདུན་རྒྱ་ནག་གཞུང་གིས་གསར་སྐྲུན་བྱས་པའི་རྒྱ་ལུགས་ལྡིང་ཁང་གི་འཛུགས་སྐྲུན་གཞི་རྒྱ་དང་། དེ་བཞིན་དེས་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་གནའ་ཤུལ་སྲུང་སྐྱོབ་ཀྱི་སྒྲིག་གཞི་དང་། བོད་ཀྱི་སྲོལ་རྒྱུན་ཁང་བཀོད་བཟོ་རིག་དང་མཐུན་གྱི་ཡོད་མེད་ཀྱི་འབྲེལ་ཡོད་ཡིག་ཆ་དང་གནས་ཚུལ་མཁོ་འདོན་གནང་དགོས་པའི་འབོད་སྐུལ་གནང་འདུག
ད་དུང་ལྷ་སའི་གཙུག་ལག་ཁང་ལྟ་བུའི་བོད་ཀྱི་གལ་འགངས་ཆེ་བའི་རིག་གནས་གནའ་ཤུལ་ལ་སྲུང་སྐྱོབ་གནང་ཏེ། གནའ་ཤུལ་དེ་ཚོའི་ཐོག་རྒྱ་ནག་གཞུང་གིས་ཐེ་བྱུས་ཀྱིས་འཛུགས་སྐྲུན་ལས་གཞི་སྤེལ་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་གཙུག་ལག་ཁང་དུ་མ་རྩ་འཛུགས་འཇོག་སྐོར་གྱི་གནས་ཚུལ་སྤེལ་ཡོད་པ་སོགས་ཀྱི་ཐོག་དོ་སྣང་གནང་དགོས་པའི་འབོད་སྐུལ་གནང་ཡོད་འདུག
ཕྱི་ཟླ་ལྔ་པའི་ཚེས་༥་ཉིན་པེ་ཅིན་ནང་ཡོད་པའི་བེུད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ། རྒྱ་ནག་གཞུང་གིས་ལྷ་སའི་གཙུག་ལག་ཁང་མདུན་བོད་ཀྱི་སྲོལ་རྒྱུན་དགོན་སྡེའི་ཨར་ལས་འཛུགས་སྐྲུན་དང་མི་མཐུན་པའི་རྒྱ་ལུགས་ཀྱི་ལྡིང་ཁང་གཉིས་གསར་སྐྲུན་བྱས་ཡོད་པའི་སྐོར་གནས་ཚུལ་འགྲེལ་བརྗོད་གནང་ཡོད་པ་དང་། རྒྱ་ནག་གཞུང་འབྲེལ་གསར་འགྱུར་བརྒྱུད་ལམ་གྱིས་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་ལྔ་པའི་ཚེས་༧་ཉིན་དེ་དང་འབྲེལ་བའི་གནས་ཚུལ་སྤེལ་བའི་ནང་ལྡིང་ཁང་གསར་སྐྲུན་དང་འབྲེལ་བའི་གནས་ཚུལ་གང་ཡང་སྤེལ་མེད་པ་རེད། དེང་སྐབས་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་ལྷ་སའི་གཙུག་ལག་ཁང་དུ་མང་ཚོགས་མཆོད་མཇལ་དུ་གཏོང་རྒྱུ་བཀག་སྡོམ་བྱེད་བཞིན་ཡོད་ཀྱང་།  བར་སྐོར་ཁུལ་དུ་ཕྱི་ཟླ་བཞི་པའི་ཚེས་༢༨་ནས་ཕྱི་ཕྱོགས་སུ་སྒོ་མོ་ཕྱེ་ཡོད་པར་བརྟེན་མི་རྣམས་ཀྱིས་གཙུག་ལག་ཁང་གི་མདུན་དུ་རྒྱ་ལུགས་ཀྱི་ལྡིང་ཁང་གཉིས་གསར་སྐྲུན་བྱས་ཡོད་པ་མཐོང་རྒྱུ་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།