ཏོག་དབྱིབས་ནད་ཡམས་གསར་བའི་རྐྱེན་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེག་རྒྱུ་སྒོ་རྒྱབ་འདུག

2020-03-12
གློག་འཕྲིན།
མཆན།
Share
པར་བཀོད།
རི་བོ་ཇོ་མོ་གླང་མའི་དབུ་རྩེ། ༢༠༡༠
རི་བོ་ཇོ་མོ་གླང་མའི་དབུ་རྩེ། ༢༠༡༠
Lhuboom/RFA

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཛ་དྲག་པར་བརྟེན་རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ད་ལོར་ཇོ་མོ་གླང་མར་འཛེག་རྒྱུ་སྒོ་རྒྱག་རྒྱུ་ཡིན་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་དེ་ད་ཆ་རྒྱ་ནག་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་༡༡༥་ལྷག་གི་ནང་ཁྱབ་བཞིན་པར་མ་ཟད། ནད་པ་དང་ནད་པ་གྲོངས་བའི་གྲངས་ཀ་ཡང་འཕར་བཞིན་པ་སོགས་ལ་བརྟེན། ད་ལོ་དཔྱིད་དུས་སུ་འཛམ་གླིང་ནང་གི་རི་བོ་མཐོ་ཤོས་ཇོ་མོ་གླང་མའི་རི་རྩེར་འཛེག་བསྐྱོད་བྱེད་མཁན་རྣམས་བོད་ཀྱི་ས་ཐོག་ནས་རི་འཛེག་བྱེད་སྒོ་མཚམས་འཇོག་བྱེད་རྒྱུ་རྒྱ་ནག་གཞུང་གི་རི་འཛེག་ལས་ཁང་གིས་གསལ་བསྒྲགས་སྤེལ་ཡོད་པ་རྒྱལ་སྤྱིའི་རི་འཛེགས་པ་གྲགས་ཅན་སྐུ་ཞབས་(Adrian Ballinger)་ལགས་ཀྱིས་རི་འཛེག་ཞིབ་འཇུག་སྐོར་བསྐྱོད་ཚོགས་པ་(Alpenglow Expeditions)་ཞེས་བའི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་འདུག
ཁོང་གིས་ལོ་ལྟར་རྒྱལ་ཁབ་ལྔ་བཅུ་ཙམ་གྱི་རེ་འཛེག་རུ་ཁག་ནས་མི་གྲངས་༥༠༠་ནས་༡༠༠༠་བར་ཇོ་མོ་གླང་མའི་རི་གཤམ་དུ་འཛོམས་ནས་རི་འཛེག་བྱེད་སྒོ་སྤེལ་གྱི་ཡོད་པ། ད་ལོར་དམིགས་བསལ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཛ་དྲག་ཡིན་པ་དང་། ནད་ཡམས་དེ་ཡང་དབུགས་རྔུབ་གཏོང་དཀའ་བའི་ནད་ཅིག་ཡིན་དུས། རྒྱ་ནག་གཞུང་གིས་ནད་ཡམས་མ་ཡོང་སྔོན་འགོག་གི་བཀོད་ཁྱབ་ཅིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་ཅེས་ཀྱང་གསུངས་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༡༢ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དང་། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༧༨། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༧༣་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་ཡོད་ཀྱང་། རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། མིག་སྔར་ཉིན་ཤས་ནང་ནད་པ་གསར་བ་བྱུང་མེད་པའི་ཐོག་གོང་བརྗོད་བོད་ཀྱི་ས་ཁུལ་དེ་དག་གི་ནད་པ་མང་ཆེ་བ་དྲག་བསྐྱེད་བྱུང་ནས་སྨན་ཁང་ནས་བུད་ཚར་ཡོད་པ་རེད།
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་ ༡༢་ཉིན་གྱི་ཞོགས་པ་བར། འཛམ་གླིང་སྤྱི་ཡོངས་སུ་ནད་པ་མི་གྲངས་༡༣༠༡༦༤་བྱུང་ཡོད་པའི་ཁྲོད་མི་གྲངས་༨༠༩༣༥་རྒྱ་ནག་ནས་ཡིན་པ་དང་། ༼དེའི་ཁྲོད་སྨན་པ་དང་སྨན་ཞབས་༣༣༩༠་ལྷག་ཡོད༽ ནད་པ་མི་གྲངས་༤༧༥༤་གྲོངས་ཟིན་པའི་ཁྲོད་མི་གྲངས་༣༡༧༣་རྒྱ་ནག་ནས་ཡིན་པ་རེད། ཏོག་དབྱིབས་ནད་ཡམས་གསར་བ་དེ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༡༡༥་ཙམ་གྱི་ནང་ཁྱབ་གདལ་དུ་སོང་ཡོད་པ་དང་། འདི་ཚེས་༡༢་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་འབུ་གསར་བའི་གསར་ཡམས་དེ་འཛམ་གླིང་ཡོངས་ཁྱབ་ཀྱི་ནད་ཡམས་ལ་ངོས་འཛིན་དང་ཁྱབ་བསྒྲགས་བྱས་ཐོག་ཚང་མས་དོ་སྣང་གཟབ་ནན་དགོས་བའི་ཉེན་བརྡ་ཡང་བཏང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།