ཧི་མ་ཅལ་མངའ་སྡེ་གཞུང་གིས་ནད་ཡམས་སྔོན་འགོག་ཆེད་ཡུལ་སྐོར་སྤྲོ་འཆམ་པ་བཀག་སྡོམ།

2020-03-20
གློག་འཕྲིན།
མཆན།
Share
པར་བཀོད།
ཡུལ་སྐོར་བ་ཁག་ཅིག་རྡ་རམ་སཱ་ལར་བསྐྱོད་བཞིན་པའི་སྐབས། ༢༠༡༩།༡༡
ཡུལ་སྐོར་བ་ཁག་ཅིག་རྡ་རམ་སཱ་ལར་བསྐྱོད་བཞིན་པའི་སྐབས། ༢༠༡༩།༡༡
Lhuboom/RFA

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བཞུགས་ཡུལ་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་ནད་ཡམས་གསར་བ་སྔོན་འགོག་ཆེད་ཡུལ་སྐོར་སྤྲོ་འཆམ་པ་བཀག་སྡོམ་གྱི་བཀའ་ཁྱབ་བཏང་འདུག
དེ་ཡང་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གི་ཕོ་བྲང་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཆགས་ཡུལ། རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་སྔོན་འགོག་གི་ཁྲིམས་གཞི་དང་འབྲེལ་བའི་ཐོག་ནས། སྤྱི་ཟླ་༣་པའི་ཚེས་༡༩་ཉིན་བཀའ་ཁྱབ་ཞིག་བཏང་བའི་ནང་། ཏོག་དབྱིབས་ནད་ཡམས་གསར་པ་སྔོན་འགོག་དང་མངའ་སྡེ་ནང་ན་ཚ་འགོས་ཁྱབ་མི་འགྲོ་བའི་ཆེད་དུ། དུས་ཚོད་ངེས་མེད་ཀྱི་རིང་ཧི་མ་མ་ཅལ་མངའ་སྡེའི་ནང་། རྒྱ་གར་དང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་སོགས་ཕྱི་མི་སུ་ཡང་འཛུལ་མི་ཆོག་པའི་བཀའ་ཁྱབ་བཏང་འདུག དེར་བརྟེན་ད་ལམ་བཞུགས་སྒར་ཁུལ་དུ་མངོན་གསལ་དོད་པོས་མི་གྲངས་ཧ་ཅང་ཇེ་ཉུང་དུ་སོང་འདུག
རྡ་རམ་སཱ་ལར་ཡོད་པའི་གོ་ལའི་འབྲེལ་མཐུད་འགྲིམ་འགྲུལ་ཁང་གི་དགའ་སྟོབས་ལགས་ཀྱིས་གསུངས་ན། རྒྱ་གར་རྡ་རམ་སཱ་ལར་ད་ལྟ་ཡོད་བཞིན་པའི་ཡུལ་སྐོར་སྤྲོ་འཆམ་པ་མང་ཆེ་ཤོས་ཕྱིར་ཐོན་རྩིས་བྱེད་བཞིན་པ་དང་། གོང་བརྗོད་མངའ་སྡེ་གཞུང་གི་བཀའ་ཁྱབ་དེའི་འོག་ས་མཚམས་ཆ་ཚང་བཀག་སྡོམ་གནང་ཐོག་སྤྱི་ཚེས་༢༢་ནས་རྒྱ་གར་ཡོངས་སུ་བཀག་སྡོམ་གནང་འཆར་ཡོད་པ་སོགས་ལ་བརྟེན་ཕར་ཚུར་འགྲུལ་བཞུད་ལ་དཀའ་ངལ་ཆེ་བ་འཕྲད་བཞིན་པ་དང་། ཁ་སང་རང་ཨོ་ཏི་ར་ཁན་མངའ་སྡེ་ནས་ཡོང་བའི་སྤྱི་སྤྱོད་རླངས་འཁོར་ཅིག་ཏུ། ནུབ་ཕྱོགས་པ་མང་པོ་ཞིག་ཡོད་པ་གློ་བུར་བཀག་ཡོད་པ་མ་ཟད། ཚེས་༢༠་ཉིན་ནས་སྤྱི་སྤྱོད་རླངས་འཁོར་ཆ་ཚང་འགྲོ་བསྐྱོད་མི་ཆོག་པའི་བརྡ་ལན་འབྱོར་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ད་ཆ་ཡུལ་སྐོར་སྤྲོ་འཆམ་པ་མང་ཤོས་ཀྱི་དཀའ་ངལ་ནི་མངའ་སྡེ་ནས་ཕྱིར་ཐོན་དགོས་པར་བརྟེན། སྤྱི་སྤྱོད་རླངས་འཁོར་བརྒྱུད་འགྲོ་ཐུབ་ཀྱི་མེད་པ་དང་། གླ་བྱེད་རླངས་འཁོར་ཁོ་ནར་བརྟེན་དགོས་པ། གླ་བྱེད་རླངས་འཁོར་གྱི་རིན་གོང་ཆེ་བའི་ཁར་ཁ་ལོ་བ་མང་པོ་ཞིག་གིས་ནད་ཡམས་ལ་འཇིགས་སྣང་གིས་འགྲོ་འདོད་གནང་གི་མེད་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་པ་རེད།
ཚེས་༢༠་ཉིན་(Tribuneindia)་སོགས་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་རྡ་རམ་སཱ་ལའི་ཉེ་འཁྲིས་ཀང་ར་རྫོང་ཁོངས་སུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་གཉིས་ཐོན་ཡོད་འདུག་ལ་རྒྱ་གར་རྒྱལ་ཡོངས་སུ་ནད་པ་མི་གྲངས་༢༥༠་ཙམ་བྱུང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།