ཏོག་དབྱིབས་ནད་འབུ་གསར་པ་འགོས་བའི་ནད་པ་མི་གྲངས་འབུམ་བརྒལ་འདུག

2020-03-06
གློག་འཕྲིན།
མཆན།
Share
པར་བཀོད།
ལྷོ་ཀོ་རི་ཡའི་གནམ་ཐང་ཞིག་ཏུ་དུས་སེལ་བྱེད་བཞིན་པ། ༢༠༢༠།༣།༦
ལྷོ་ཀོ་རི་ཡའི་གནམ་ཐང་ཞིག་ཏུ་དུས་སེལ་བྱེད་བཞིན་པ། ༢༠༢༠།༣།༦
AFP

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་པའི་ནད་པ་འབུམ་བརྒལ་བ་དང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་སྔོན་འགོག་ཐད་ཛ་དྲག་གི་འབོད་སྐུལ་གནང་འདུག
རེས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། ཚེས་༦་ཉིན་རྒྱ་ནག་ནང་སླར་ཡང་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་མི་གྲངས་༣༠་གྲོངས་ཡོད་པ་དང་། ནད་འབུ་འགོས་པའི་མིའི་གྲངས་འབོར་ཡང་ཇེ་མང་དུ་ཕྱིན་ཡོད་པའི་ཁར། ནད་དུག་ཕོག་པའི་མི་༡༦་ཕྱི་རྒྱལ་ནས་རྒྱ་ནག་ནང་སླེབས་པ་ཡིན་ལུགས་བརྗོད་འདུག རྒྱ་ནག་སྐམ་ས་ཆེན་མོ་ཁྱོན་ཡོངས་སུ་ད་བར་ཏོག་དབྱིབས་ནད་འབུ་གསར་བ་འགོས་བའི་ནད་པ་མི་གྲངས་༣༠༤༥་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཁྱོན་མི་གྲངས་ཁྲི་བརྒྱད་ལྷག་ལ་ཏོག་དབྱིབས་ནད་འབུ་གསར་བ་དེ་འགོས་ཡོད་པ་རེད།
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་དེ་ད་ཆ་རྒྱ་ནག་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་༨༠་ལྷག་གི་ནང་ཁྱབ་བཞིན་པར་མ་ཟད། ནད་པ་གྲོངས་བའི་གྲངས་ཀ་ཡང་འཕར་བཞིན་པ་རེད།
འདི་ཚེས་༦་ཉིན་བར་རྒྱ་ནག་གཙོས་འཛམ་གླིང་ཁྱོན་ཡོངས་ནས་ནད་པ་མི་གྲངས་༡༠༡༤༩༠་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བའི་ཁྲོད་ཀྱི་ནད་པ་མི་གྲངས་༣༤༦༠་ལྷག་གྲོངས་འདུག་ལ་བརྒྱ་ཆ་མང་ཤོས་རྒྱ་ནག་ནང་ནས་ཡིན་པ་དང་། དེའི་རྗེས་ལྷོ་ཀོ་རི་ཡ་དང་། ཨི་རན། ཨེ་ཊ་ལེ་སོགས་ཡུལ་གྲུ་ཁག་ནད་ཡམས་དེ་ཁྱབ་གདལ་འགྲོ་ཡུལ་ཆེ་གྲས་ཡིན་པ་རེད། གཞན་དེ་རིང་ཐོན་པའི་གནས་ཚུལ་ལྟར་ན། འབྲུག་ཡུལ་དུ་ཡང་ཏོག་དབྱིབས་ནད་འབུ་གསར་བ་ཕོག་ཡོད་མཁན་གྱི་ནད་པ་ཞིག་བྱུང་ཡོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ་རྒྱ་ནག་ནས་ད་ཆ་ཡོ་རོབ་དང་ཨ་རིའི་ནང་ནད་དུག་ཕོག་པའི་མིའི་གྲངས་འབོར་མང་དུ་འགྲོ་བཞིན་པར་བརྟེན། འཛམ་གླིང་ཡུལ་གྲུ་ཁག་གིས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་དང་། འགོག་རྒོལ་གྱི་ལས་དོན་ལ་དོ་སྣང་བྱེད་ཤུགས་ཆེ་རུ་གཏོང་རན་ཡོད་པ་ཛ་དྲག་སྐུལ་མ་གནང་ཡོད་འདུག
གཞན་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས་རྒྱལ་སྤྱིའི་མ་རྐང་ཁྲོམ་ར་ཤུགས་ཆེར་མར་ཆག་ཡོད་པ་དང་། དམིགས་བསལ་རྒྱལ་སྤྱིའི་ནང་གི་ཚོང་ལས་དང་། ཡུལ་སྐོར་སྤྲོ་འཆམ། རྩེད་འགྲན། ཚོགས་ཆེན། སློབ་གྲྭ་སོགས་ལ་དོ་ཕོག་ཤུགས་ཆེ་བྱུང་བཞིན་ཡོད་པ་རེད།
ཨ་རིའི་དངུལ་རྩའི་ཞབས་ཞུ་ལས་ཁང་གིས་སྙན་ཐོ་ཞིག་བཏོན་པ་ལྟར་ན། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་དཔལ་འབྱོར་ལ་ཨ་སྒོར་ཐེར་འབུམ་༢༡༡་ཡི་གྱོང་གུན་ཕོག་རྒྱུ་ཡིན་པ་དང་། བཟོ་ལས་ཐོན་སྐྱེད་དང་འཛུགས་བསྐྲུན་ལས་གཞི། ཡུལ་སྐོར་སྤྲོ་འཆམ་ལས་རིགས་སོགས་ལ་གྱོད་གུན་ཆེན་པོ་ཕོག་བཞིན་པའི་ཐོག མཛད་སྤྱོད་པ་ཚོས་ནད་ཡམས་འགོས་རྒྱུར་འཇིགས་སྣང་གིས་རང་ཁྱིམ་ནས་ཕྱིར་ཐོན་རྒྱུར་འཛེམས་ཟོན་བྱེད་ཀྱི་ཡོད་པར་བརྟེན། ཉོ་ཚོང་བྱེད་མཁན་ཉུང་དུ་ཕྱིན་ནས་དཔལ་འབྱོར་འཁྲུག་ཆ་མེད་པའི་གནས་སྟངས་ཀྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་མངའ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་རྡོ་ཕོག་ཆེན་པོ་བྱུང་བཞིན་པ་སོགས་བཀོད་ཡོད་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༦ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༧༨། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༧༣་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་ཡོད་ཀྱང་། མིག་སྔར་ཉིན་ཤས་ནང་ནད་པ་གསར་བ་བྱུང་མེད།
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༣ ་པའི་ཚེས་ ༦་ཉིན་གྱི་ཞོགས་པ་བར། འཛམ་གླིང་སྤྱི་ཡོངས་སུ་ནད་པ་མི་གྲངས་༡༠༡༤༩༠་བྱུང་ཡོད་པའི་ཁྲོད་མི་གྲངས་༨༠༧༣༥་རྒྱ་ནག་ནས་ཡིན་པ་དང་། ༼དེའི་ཁྲོད་སྨན་པ་དང་སྨན་ཞབས་༣༣༩༠་ལྷག་ཡོད༽ ནད་པ་མི་གྲངས་༣༤༦༠་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༨༠་ཙམ་གྱི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།