ནད་ཡམས་དང་འབྲེལ་གནས་ཚུལ་རྫུན་མ་སྤེལ་ཚུལ་ཀྱིས་བོད་མི་གསུམ་བཀག་ཉར།

2020-03-04
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པས་ཞིབ་གཤེར། ༢༠༢༠།༡།༣༠
ལྷ་ས་གྲོང་ཁྱེར་ནང་ཉེན་རྟོག་པས་ཞིབ་གཤེར། ༢༠༢༠།༡།༣༠
འོད་ཟེར། /FB

མདོ་སྨད་མང་རྫོང་དུ་སྐད་འཕྲིན་བརྒྱུད་ནད་ཡམས་སྐོར་གྱི་གནས་ཚུལ་རྫུན་མ་སྤེལ་བའི་ཉེས་འཛུགས་ཀྱིས་བོད་མི་གསུམ་བཀག་ཉར་དང་ཉེས་ཆད་བཅད་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་དེ་ད་ཆ་རྒྱ་ནག་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་བདུན་ཅུ་ལྷག་གི་ནང་ཁྱབ་པ་དང་། སྡོམ་ནད་ཡམས་ཕོག་མཁན་ནད་པ་མི་གྲངས་ཁྲི་དགུ་བརྒལ་ནས་ནད་པ་མི་གྲངས་༣༠༠༠་ལྷག་གྲོངས་ཟིན་པའི་སྐབས། སྤྱི་ཟླ་༢་བའི་ཚེས་༢༠་ཉིན་མིང་ལ་ལྷུན་ག་གེ་མོ་ཟེར་བ་ཞིག་གིས་གནས་ཚུལ་བདེན་པ་མིན་པའི་སྐད་ཆ་ཞིག་(MP3)་སྒྲ་སྒམ་བཟོས་ནས་སྐད་འཕྲིན་བརྒྱུད་བསོད་ག་གེ་མོ་ལ་བསྐུར་པ་དང་། བསོད་ཀྱིས་མགོན་ལ་བསྐུར་ཏེ་རིམ་བཞིན་རྒྱ་ཁྱབ་དུ་སོང་བའི་དབང་གིས། རྒྱ་ནག་གི་འབྲེལ་ཡོད་ཁྲིམས་ལུགས་དང་དྲ་རྒྱ་ཚོགས་པའི་དོ་དམ་གྱི་གཏན་འཁེལ་ལྟར། ཀོས་ནན་རྫོང་སྤྱི་བདེ་ལས་ཁང་དང་། རྫོང་དྲ་འཕྲིན་ལས་ཁང་གིས་བོད་མི་དེ་གསུམ་སོགས་བསྡོམས་པས་སྐད་འཕྲིན་གྱི་ཚོགས་གཙོ་བརྒྱད་ལ་སློབ་གསོ་སྤྲད་དེ་ཚོགས་པ་གཏོར་བ་མ་ཟད། བསོད་དང་ལྷུན་གཉིས་ལ་སོ་སོར་ཉིན་བཅུའི་རིང་བཀག་ཉར་དང་རྒྱ་སྒོར་ལྔ་བརྒྱ་རེའི་ཆད་པ་བཅད་ཅིང་། མགོན་ཟེར་བར་ཉིན་ལྔར་བཀག་འགོག་གི་ཉེས་ཆད་བཅད་ཚུལ་སྤྱི་ཟླ་གཉིས་པའི་ཚེས་༢༨་ཉིན། མཚོ་ལྷོ་མང་རྗོང་ངམ་རྒྱ་ནག་གིས་ཀོས་ནན་དྲ་བ་ཞེས་པའི་སྟེང་དུ་གནས་ཚུལ་སྤེལ་འདུག
གནས་ཚུལ་དེའི་སྐོར་ཕ་ཡུལ་མང་རྫོང་གི་ཡིན་ཞིང་། ད་ལྟ་ཧྥ་རན་སའི་རྒྱལ་སར་གནས་སྡོད་བློ་འཕེལ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། དེང་སྐབས་རྒྱ་ནག་གཞུང་གིས་བོད་ནང་གི་སྐད་འཕྲིན་དྲ་ལམ་ལ་དམ་དྲག་ལྟ་རྟོག་ནན་མོ་བྱེད་བཞིན་པ་འདྲ། མ་ཟད་སྐད་འཕྲིན་ཚོགས་པ་ཚང་མ་ག་དུས་བཙུགས་པ་དང་། མི་གྲངས་ག་ཚོད་ཡོད་མེད་སོགས་གཞུང་ལ་ཐོ་འགོད་བྱེད་དགོས་པ་བསྒྲགས་བཞིན་འདུག་ཟེར་བས། ང་ཡང་སྐད་འཕྲིན་ཚོགས་པ་ཁ་ཤས་ནས་ཐོན་དགོས་བྱུང་ཅེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

མཆན། (0)
Share
དྲ་གནས་ཆ་ཚང༌།