ཚོགས་པ་ཁག་བདུན་གྱིས་བརྟན་བཞུགས་འབུལ་རྒྱུའི་མཛད་འཆར་ཕྱིར་འཐེན་དང་སློབ་གྲྭ་ཚོགས་རྒྱུ་ཕྱིར་འགྱངས།

2020-03-03
གློག་འཕྲིན།
མཆན།
Share
པར་བཀོད།
སློབ་ཕྲུག་ཚོ་རང་གནས་སུ་ལོག་བཞིན་པ། ༢༠༢༠།༣།༣
སློབ་ཕྲུག་ཚོ་རང་གནས་སུ་ལོག་བཞིན་པ། ༢༠༢༠།༣།༣
RFA

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་ཡམས་མུ་མཐུད་ཁྱབ་གདལ་དུ་འགྲོ་བཞིན་པར་བརྟེན་རིང་མིན་༧གོང་ས་མཆོག་ལ་ཚོགས་པ་ཁག་བདུན་གྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཕྱིར་འཐེན་དང་སློབ་གྲྭ་ཚོགས་རྒྱུ་ཕྱིར་འགྱངས་གནང་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། རིང་མིན་ཕྱི་ལོ་༢༠༢༠་ལོའི་ཕྱི་ཟླ་༤་པའི་ཚེས་༡་ཉིན་ཚོགས་པ་ཁག་བདུན་གྱིས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུའི་མཛད་འཆར་ཁག་ཕྱིར་འཐེན་གནང་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་ཟླ་བ་འདིའི་ཕྱི་ཚེས་༢ ་ཉིན་གསལ་བསྒྲགས་སྤེལ་འདུག དེའི་ནང་བར་ལམ་འཛམ་གླིང་གི་ས་ཕྱོགས་གང་སར་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་ཆེ་བས། མཇལ་ཁ་སོགས་མཛད་འཆར་ཁག་ཕྱིར་འཐེན་གནང་དགོས་བྱུང་སྟབས་གོང་གསལ་བརྟན་བཞུགས་ཀྱང་དུས་ཚོད་ངེས་མེད་བར་ཕར་འགྱངས་གནང་བ་དེ་དོན་དགོངས་འཇགས་ཞུ་ཞེས་བཀོད་འདུག
གོང་ཞུས་བརྟན་བཞུགས་འབུལ་མཁན་ཚོགས་པ་ཁག་བདུན་ནི། ཡར་འབྲོག་གཞིས་བྱེས་དང་། མོན་ཡུལ་བསྟན་དོན་རིག་གཞུང་གཅེས་སྐྱོང་ལྷན་ཚོགས། མངའ་རིས་སྤྱི་མཐུན་ཚོགས་པ། འཇོལ་ཀོང་རྒྱལ་གསུམ་གཞིས་བྱེས་མི་མང་། བྱང་རིགས་གཞིས་བྱེས་མི་མང་། བྱང་ཨ་རི་བོད་རིགས་སྤྱི་མཐུན་ཚོགས་པ་ཐུན་མོང་། མདོ་སྨད་མང་འབའ་བྱ་གསུམ་བཅས་ཡིན་འདུག
གཞན་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་བར། རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་ཆེ་བར་བརྟེན་ཟླ་༣ཚེས་༩་དང་བོད་ཟླ་༡ཚེས་༡༥་ཉིན་ཆོ་འཕྲུལ་སྨོན་ལམ་ཆེན་མོའི་བཀའ་ཆོས་ཕྱི་བཤོལ་གནང་ཡོད་པ་བཀོད་འདུག
དེ་བཞིན་ཕྱི་ཟླ་༢་པའི་ཚེས་༣ཉིན་བཞུགས་སྒར་རྡ་རམ་ས་ལར་རྟེན་གཞི་བྱས་པའི། བོད་ཕྲུག་ཁྱིམ་སྡེའི་ཁྱབ་ཁོངས་སློག་གྲྭ་ཁག་གི་སློབ་ཕྲུག་རྣམས་དགུན་ཁའི་གུང་སེང་ནས་ཚུར་སློབ་གྲྭར་འབྱོར་ཟིན་ན་ཡང་། བར་ལམ་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་ནད་འབུ་གསར་བ་ཁྱབ་གདལ་ཆེ་བས། ནད་ཡམས་དེ་སྔོན་འགོག་ཆེད་དུ་བོད་ཕྲུག་ཁྱིམ་སྡེ་ནས་དེ་མ་ཐག་ཏུ་དེ་གའི་སློབ་གྲྭའི་ཁྱབ་ཁོངས་སློག་གྲྭ་ཁག་གི་འཛིན་རིམ་བརྒྱད་པ་མན་གྱི་སློབ་མ་རྣམས་སློབ་གྲྭ་ནས་རང་གནས་སུ་ཕྱིར་སློག་བྱས་འདུག་པ་མ་ཟད། འབྱུང་འགྱུར་འཛིན་གྲྭ་འཚོགས་རྒྱུའི་དུས་ཚོད་ཀྱང་ངེས་མེད་བར་ཕར་འགྱངས་གནང་ཡོད་པ་བོད་ཕྲུག་ཁྱིམ་སྡེའི་གཙོ་འཛིན་ཐུབ་བསྟན་རྡོ་རྗེ་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
སྐབས་དེར་སློབ་ཕྲུག་གི་ཕ་མ་ཀརྨ་ལགས་ཀྱིས། ང་ཚོ་ཐག་རིང་ནས་འདི་འབྱོར་བ་དང་སྔོན་བརྡ་མེད་བར་གློ་བུར་ཕྱིར་ལོག་བྱས་ན་དཀའ་ངལ་མང་པོ་འདུག གནས་ཚུལ་འདི་འདྲའི་སྐབས་སྔ་ས་ནས་བརྡ་ཐོ་བཏང་པ་ཡིན་ཚེ། ང་ཚོ་འདིར་ཡོང་དགོས་མིན་ཐད་སྔ་ས་ནས་གྲ་སྒྲིག་ཐུབ་ཀྱི་རེད་ལ་ཕན་ཚུན་གཉིས་ཀར་དཀའ་ངལ་འཕྲད་ཀྱི་མ་རེད། ད་འབྱོར་ཐོ་ག་དུས་བཀོད་དགོས་མིན་སྔ་ས་ནས་བརྡ་ཐོ་བཏང་བ་ཡིན་ན་ཡག་པོ་འདུག་ཅེས་འགྲེལ་བརྗོད་གནང་སོང་།

མཆན། (0)
Share
དྲ་གནས་ཆ་ཚང༌།