རྟའུ་རྫོང་གི་རྫོང་དཔོན་གཞོན་པ་དང་འཐབ་ཕྱོཊ་གཅིག་གྱུར་གྱི་འགན་འཛིན་གཉིས་ལ་ཞིབ་གཤེར་བྱེད་རྒྱུ་ཡིན་འདུག

2020-02-25
གློག་འཕྲིན།
མཆན།
Share
པར་བཀོད།
ཧོང་ཀོང་ནང་སྨན་ཁང་ཞིག་གི་སྒོ་འགྲམ་དུ། ༢༠༢༠།༢
ཧོང་ཀོང་ནང་སྨན་ཁང་ཞིག་གི་སྒོ་འགྲམ་དུ། ༢༠༢༠།༢
AFP

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དེ་འཛམ་གླིང་ཐོག་རྒྱ་ཁྱབ་ནད་ཡམས་ཀྱི་ངོ་བོར་འགྱུར་ཉེན་ཆེ་བ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཉེན་བརྡ་བཏང་འདུག
དཀར་མཛེས་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ལྷན་ཁང་གི་གསལ་བསྒྲགས་ལྟར་ན། དཀར་མཛེས་རྟའུ་རྫོང་སྲིད་གཞུང་དམར་ཤོག་ཚོགས་པའི་རྒྱུན་ལས་ཚོགས་མི་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་འགན་འཛིན་བཀྲ་ཤིས་རོང་བུ་དང་། རྟའུ་རྫོང་གི་རྫོང་དཔོན་གཞོན་པ། རྫོང་ཉེན་རྟོག་ལས་ཁང་གི་འགོ་གཙོ་ཆོས་དར་གཉིས་ཀྱིས་ས་གནས་སུ་ཏོག་དབྱིབས་ནད་འབུ་གསར་བ་ དབྱིན་སྐད་དུ་(COVID-19)་ནད་ཡམས་སྔོན་འགོག་གི་ལས་དོན་འཐུས་ཤོར་ཕྱིན་པའི་རྒྱུ་མཚན་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་སྒྲིག་ཁྲིམས་དང་འགལ་བར་བརྟེན་ཞིབ་བཤེར་དགོས་པའི་ཐག་གཅོད་བྱས་འདུག དེ་ལྟར་ན་ད་བར་དཀར་མཛེས་ཁུལ་ཧྲིལ་བོར་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་༦༩་བྱུང་ཡོད་པ་དང་། དེ་དག་རྟའུ་རྫོང་ནས་ནད་པ་ ༦༤་དང་། དར་རྩེ་མདོ་རུ་༢། གསེར་རྟ་རུ་༡། འདབ་པ་རྫོང་དུ་༡་བཅས་ཡོད་པ་རེད།
གཞན་མཚོ་སྔོན་ཁུལ་དུ་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་ཕོག་པའི་ནད་པ་དང་འབྲེལ་བ་ཡོད་མཁན་མི་གྲངས་༤༣༧་ཤེས་རྟོགས་བྱུང་བའི་ནང་ནས། ད་ཆ་༣༣་གསོ་རིག་སྨན་བཅོས་བལྟ་སྐྱོང་འོག་བཞག་ཡོད་པ་དང་། མཚོ་སྔོན་ཞིང་ཆེན་དུ་ཁྱོན་བསྡོམས་ནད་པ་༡༨་ཡོད་པའི་ཁྲོད་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་དུ་ནད་པ་༣་ཡོད་པ་ཚང་མ་དྲག་བསྐྱེད་བྱུང་ནས་སྨན་ཁང་ནས་ཕྱིར་བཏང་ཟིན་པའི་སྐོར་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་དེ་བཞིན་ད་ཆ་རྒྱལ་སྤྱིའི་ཁྲོད་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་པར་བརྟེན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ནད་དེ་(Pandemic)་འམ་འཛམ་གླིང་ཐོག་རྒྱ་ཁྱབ་ནད་ཡམས་ཀྱི་ངོ་བོར་འགྱུར་ཉེན་ཆེ་བའི་སྐོར་ཉེན་བརྡ་བཏང་འདུག
ཏོག་དབྱིབས་ནད་འབུ་གསར་བ་དེ་ཐོག་མར་ཕྱི་ཟླ་༡་པོའི་ནང་། རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་ཐོན་པ་ནས་བཟུང་ད་ལྟའི་ཆར་རྒྱ་ནག་ནང་མི་གྲངས་༨༠༢༨༩་བརྒལ་བར་འགོས་ནད་དེ་ཕོག་པ་དང་། མི་གྲངས་༢༧༠༤་ཙམ་འདས་གྲོངས་སུ་འགྱུར་ཡོད་པ་རེད། ཉེ་བའི་འཆར་རྒྱ་ནག་ནང་འགོས་ནད་ཁྱབ་གདལ་འགྲོ་ཚད་ཕྲན་བུའི་ཉུང་དུ་འགྲོ་བཞིན་ཡོད་ལུགས་བརྗོད་བཞིན་ཡོད་ནའང་། རྒྱ་ནག་གི་ཕྱི་ལ་ནད་འབུ་དེ་ཁྱབ་གདལ་ཇེ་ཆེར་འགྲོ་བཞིན་ཡོད་པ་རེད།
གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གི་ཕྱི་ལ་རྒྱལ་ཁབ་༣༠་ཙམ་གྱི་ནང་ཁྱབ་ནས་མི་གྲངས་༡༢༠༠་ལྷག་ལ་ནད་འབུ་དེ་འགོས་ཡོད་པ་དང་། མི་གྲངས་༢༠་ལྷག་འདས་གྲོངས་སུ་གྱུར་ཡོད་འདུག དེའི་ཁྲོད་ལྷོ་ཀོ་རི་ཡའི་ནང་རེས་གཟའ་ཟླ་བའི་ཉིན་མི་གྲངས་༢༣༡་ལ་ཏོག་དབྱིབས་ནད་འབུ་གསར་བ་དེ་འགོས་ནས་ཁྱོན་མི་གྲངས་༨༣༠་བར་འཕར་བའི་ཁྲོད་ནད་པ་མི་གྲངས་༨་འདས་གྲོངས་སུ་ཕྱིན་ནས་རྒྱ་ནག་གི་ཕྱི་ལ་འགོས་ནད་ཁྱབ་ཚད་ཆེ་ཤོས་ཆགས་ཡོད་པ་རེད།
ཡོ་རོབ་ཁུལ་དུ་མཚོན་ན། ཨེ་ཊ་ལེ་ནང་མི་གྲངས་༢༢༩་ལ་ཏོག་དབྱིབས་ནད་འབུ་གསར་བ་དེ་འགོས་ནས་ཡོ་རོབ་ནང་ཁྱབ་ཚད་ཆེ་ཤོས་སུ་གྱུར་འདུག ཏོག་དབྱིབས་ནད་འབུ་ཁྱབ་ཚད་ཆེ་ཤོས་ཨེ་ཊ་ལེ་ཡི་(Lombardy)་དང་། (Veneto)་ཞེས་པའི་ས་ཁུལ་གཉིས་ཀྱི་གྲོང་ཁྱེར་མང་པོ་ཞིག་ནང་ཏོག་དབྱིབས་ནད་འབུ་གསར་བ་ཁྱབ་གདལ་སྔོན་འགོག་ཆེད་ཁྱོན་མི་གྲངས་༥༠༠༠༠་ཙམ་ཟུར་བཀག་ལྟ་བུའི་གནས་སུ་བཅུག་ནས་དམིགས་བསལ་གྱི་ཆོག་མཆན་མེད་པར་འགྲིམ་འགྲུལ་བཀག་སྡོམ་བྱས་ཡོད་པ་རེད།
རྒྱ་ནག་ནང་འདི་ཚེས་༢༤་རེས་གཟའ་ཟླ་བའི་ཉིན། ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་གསར་བ་མི་གྲངས་༦༠༠་མ་ཟིན་ཙམ་བྱུང་ཡོད་པ་དང་། ཨི་རན་རྒྱལ་ཁབ་ནང་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་མི་གྲངས་༦༡་བྱུང་ཡོད་པའི་ཁྲོད་རྒྱལ་ཁབ་ཀྱི་འཕྲོད་བསྟེན་བློན་ཆེན་གཞོན་པ་སྐུ་ཞབས་(Iraj Harirchi)་ཡང་ཡོད་པ་རེད། ད་དུང་རེས་གཟའ་ཟླ་བའི་ཉིན་ཨི་རག་དང་། ཨ་ཧྥུ་གྷནེ་སི་ཐན་(Afghanistan) ཁོའུ་ཝེ་ཐུ་(Kuwait) ཨོ་མན་(Oman) བྷ་ཧ་རན་(Bahrain)་བཅས་པའི་ཁ་ཆེའི་རྒྱལ་ཁབ་ནང་ཏོག་དབྱིབས་ནད་འབུ་གསར་བ་དེ་ཁྱབ་ཡོད་པ་ར་སྤྲོད་བྱུང་ཡོད་པ་རེད། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་འགན་འཛིན་(Tedros Adhanon Ghebreyesus)་ཡིས་(Italy)་དང་(Iran) ལྷོ་ཀོ་རི་ཡ་བཅས་པའི་ནང་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཁྱབ་འགྲོ་བཞིན་པ་འདི་ཧ་ཅང་བློ་ཚབས་ཀྱི་གནས་ཚུལ་ཞིག་ཆགས་ཡོད་པ་གསུངས་པ་དང་། ད་ལྟའི་འཆར་ཏོག་དབྱིབས་ནད་འབུ་གསར་བ་དེ་ཆེས་ཛ་དྲག་གི་ངོ་བོར་འགྱུར་ཡོད་པ་མངོན་གསལ་དོད་པོ་ཆགས་མེད་ནའང་རྒྱལ་ཁབ་ཚང་མས་སྔོན་འགོག་གི་ལས་དོན་གྲ་སྒྲིག་ཚགས་ཚུད་མ་བྱས་ཚེ་འཛམ་གླིང་སྤྱི་ལ་ཁྱབ་པའི་ནད་ཡམས་ཀྱི་ངོ་བོར་འགྱུར་རྒྱུའི་ཉེན་ཚབས་ཡོད་པ་གསལ་འདོན་གནང་འདུག
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༢༥ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༦༩། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༦༤་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༢༥་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༨༠༤༡༠་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་༡༧༡༦་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༢༧༠༨་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༣༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།