དཀར་མཛེས་རྟའུ་རུ་ནད་པ་གཅིག་ཇེ་མང་དང་མཚོ་སྔོན་ནས་ནད་པ་༡༨་སྨན་ཁང་ནས་བུད་འདུག

2020-02-21
གློག་འཕྲིན།
མཆན།
Share
པར་བཀོད།
དཀར་མཛེས་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བ་སྔོན་འགོག ༢༠༢༠།༢
དཀར་མཛེས་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བ་སྔོན་འགོག ༢༠༢༠།༢
བོད་འབྱོར།

དཀར་མཛེས་ཁུལ་རྟའུ་རུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་པའི་ནད་པ་གསར་པ་གཅིག་བྱུང་ཡོད་པ་དང་མཚོ་སྔོན་ནས་ནད་པ་༡༨་བྱུང་བ་ཚང་མ་སྨན་ཁང་ནས་བུད་འདུག
དེ་ཡང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འཕྲོད་བསྟེན་བདེ་ཐང་ལས་ཁང་གིས་འདི་ཚེས་ ༢༡ ་ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། ཚེས་༢༠འི་ཉིན་དཀར་མཛེས་ཁུལ་རྟའུ་རྫོང་དུ། ཏོག་དབྱིབས་ནད་འབུ་གསར་བ་འགོས་པའི་ནད་པ་གསར་པ་གཅིག་བྱུང་ཡོད་པ་དང་། དེ་ནི་མིང་ལ་པ་ག་གེ་མོ་ཟེར་བའི་ལོ་ན་ ༥༤་ཅན་གྱི་བུད་མེད་ཅིག་ཡིན་ཞིང་། ཁོ་མོ་ས་ཁུལ་གཞན་དུ་འགྲུལ་བསྐྱོད་བྱས་པའི་ལོ་རྒྱུས་མེད་པ་ཡིན་འདུག
དེ་ལྟར་ན་ཟླ་ ༢ ་པའི་ཚེས་ ༢༠འི་ཆུ་ཚོད་༢༤འི་ནང་། དཀར་མཛེས་ཁུལ་ཧྲིལ་བོར་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་པ་༦༨་བྱུང་ཡོད་པ་དེ་དག་རྟའུ་རྫོང་ནས་ནད་པ ༦༣་དང་། དར་རྩེ་མདོ་རུ་༢། གསེར་རྟ་རུ་༡། འདབ་པ་རྫོང་དུ་༡་བཅས་ཡོད་པ་རེད། དེའི་ཁྲོད་ནད་པ་༩་སངས་དྲག་གིས་སྨན་ཁང་ནས་ཕྱིར་ཐོན་ཟིན་ཡོད་འདུག་ལ་ནད་པ་ལོ་ན་ཆེ་ཤོས་ ༧༧ ་དང་ཆུང་ཤོས་ལོ་ ༣ ་ཡིན་པ་རེད།
དེ་བཞིན་དུ་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ལས་ཁང་གིས་ཚེས་ ༢༡ ་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། མཚོ་སྔོན་དུ་ཏོག་དབྱིབས་ནད་འབུ་གསར་བ་འགོས་པའི་ནད་པ་ཁྱོན་༡༨་བྱུང་བ་ཚང་མ་ད་ལྟ་སངས་དྲག་གིས་སྨན་ཁང་ནས་ཕྱིར་ཐོན་ཡོད་པ་དང་། ཚེས་ ༢༡ ཉིན་མཚོ་སྔོན་ནང་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་གཅིག་ཀྱང་མེད་པས། ཕྱི་ཟླ་ ༢ པའི་ཚེས་ ༢༡ ་ཉིན་ནས་བཟུང་འགྲུལ་སྐྱེལ་རླངས་འཁོར་ལམ་ཐིག་བདུན་གྱི་སྐྱེལ་འདྲེན་སླར་གསོ་བྱས་ཡོད་པ་དང་། དེ་དག་ནི་ཟི་ལིང་ནས་ཡུལ་ཤུལ་དང་། ཟི་ལིང་ནས་གཏེར་ལམ། ཟི་ལིང་ནས་ལུང་མདོ། ཟི་ལིང་ནས་གསེར་ཆེན། ཟི་ལིང་ནས་རེབ་གོང་། ཟི་ལིང་ནས་ནུབ་མཚོ། ཟི་ལིང་ནས་རྐང་ཚ་བཅས་ཡིན་པ་རེད། གཞན་ཀན་ལྷོའམ་མདོ་ལྷོ་ཁུལ་དུ་ནད་པ་༨་བྱུང་བའི་ཐོག་གསར་པ་བྱུང་མེད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༢༡ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༦༨། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༦༣་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༢༡་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༧༦༧༨༧་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་༡༧༡༦་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༢༢༤༨་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༢༥ ་ལྷག་གི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།