དཀར་མཛེས་རྟའུ་རྫོང་གཅིག་པོར་ད་བར་ནད་པ་མི་གྲངས་༦༢་ཐོན་འདུག

2020-02-20
གློག་འཕྲིན།
མཆན།
Share
པར་བཀོད།
དཀར་མཛེས་རྟའུ་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པར་སྨན་བཅོས་བྱེད་བཞིན་པ། ༢༠༢༠།༢
དཀར་མཛེས་རྟའུ་ཕྱོགས་སུ་ཏོག་དབྱིབས་ནད་འབུ་གསར་བའི་ནད་པར་སྨན་བཅོས་བྱེད་བཞིན་པ། ༢༠༢༠།༢
སི་ཁྲོན་ཉིན་རེའི་ཚགས་པར།

དཀར་མཛེས་རྟའུ་རྫོང་ཁོངས་གཅིག་པོར་ད་བར་ཏོག་དབྱིབས་ནད་འབུ་གསར་བ་ཕོག་པའི་ནད་པའི་གྲངས་འབོར་༦༢་བར་འཕར་འདུག
དེ་ཡང་དཀར་མཛེས་ཁུལ་འཕྲོད་བསྟེན་བདེ་ཐང་ལྷན་ཁང་ཟེར་བས་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་༢་པའི་ཚེས་༡༩་ཉིན་གྱི་ཆུ་ཚོད་༢༤་ནང་། དཀར་མཛེས་རྟའུ་རྫོང་ཁོངས་སུ་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ཡོད་པའི་ནད་པ་གསར་བ་༢་བྱུང་ཡོད་པ་དང་། དེ་ལྟར་མིག་སྔར་དཀར་མཛེས་ཁུལ་སྤྱི་ཡོངས་སུ་ནད་པ་༦༧་བྱུང་ཡོད་ཅིང་། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༦༢་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་ཡོད་པ་རེད། དེ་དག་གི་ནང་ནས་ནད་པ་༨་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་ཐོན་ཡོད་ཚུལ་ཡང་་བཀོད་འདུག
གནས་ཚུལ་ནང་མུ་མཐུད་བཀོད་པ་ལྟར་ན། གོང་ཞུས་གསར་དུ་ཐོན་པའི་ནད་པ་༢་དེ་གཉིས་ནི་སྔོན་ནས་ནད་རྟགས་མངོན་མེད་པའི་ཁོངས་སུ་གཏོགས་པའི་ལོ་གྲངས་༧༠་ཟིན་པའི་རུས་མིང་བཀྲ་ཟེར་བ་དང་། ལོ་གྲངས་༥༤་ཟིན་པའི་རུས་མིང་དབྱངས་ཟེར་བ་གཉིས་ཡིན་ཞིང་། གཉིས་ཀ་རྟའུ་རྫོང་གི་མི་ཡིན་པ་དང་། ཁོང་གཉིས་སྤྱི་ཟླ་༢་པའི་ཚེས་༡༤་ཉིན་སྨན་ཁང་དུ་བསྐྱལ་ནས་བརྟག་དཔྱད་བྱས་ཡོད་པ་དང་། ཚེས་༡༩་ཉིན་ཁུལ་གྱི་དམིགས་འཛུགས་སྨན་ཁང་དུ་སྨན་བཅོས་བྱེད་དུ་སོང་ཞིང་། ཞིབ་བཤེར་བྱེད་ཐུབ་པའི་ནད་པ་དེ་དང་འབྲེལ་འདྲིས་ཟབ་མོ་བྱས་པའི་མི་རྣམས་ལོགས་སུ་བཀར་ནས་གསོ་རིག་བརྟག་དཔྱད་བྱེད་བཞིན་ཡོད་པ་བརྗོད་འདུག གོང་ཞུས་ནད་པ་དེ་གཉིས་ཀྱི་རུས་མིང་ལ་གཞིགས་ན། གཉིས་ཀ་བོད་རིགས་ཡིན་པ་ཚོད་དཔག་བྱེད་ཐུབ་ཀྱི་ཡོད་པ་རེད།
འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྒྱ་ནག་གཞུང་འབྲེལ་གསར་ལམ་དང་གཞན་གསར་ལམ་ཁག་གི་གྲངས་ཐོར་ཞིབ་འཇུག་མཉམ་བསྡུར་བྱས་བ་ལྟར་ན། འདི་གའི་ཚེས་ ༢༠ ་ཉིན་བར། བོད་མི་གནས་སྡོད་ལྗོངས་དང་ཞིང་ཆེན་ཁག་ལྔའི་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་བྱུང་བའི་ནད་པའི་གྲངས་འབོར་ནི། རྒྱ་ནག་གིས་བརྗོད་བཞིན་པའི་བོད་རང་སྐྱོང་ལྗོངས་ཁུལ་ལྷ་ས་གྲོང་ཁྱེར་ནང་ནད་པ་མི་གྲངས་ ༡ ་ཐོན་ཡོད་པ་དེ་སྤྱི་ཟླ་ ༢ ་ཚེས་ ༡༢་ཉིན་ནད་གཞི་སངས་དྲག་གིས་བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གསུམ་པ་ནས་ཐོན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་གསར་འགྱུར་བརྒྱུད་ལམ་དུ་གནས་ཚུལ་སྤེལ་ཡོད་པ་རེད། དེ་བཞིན་མཚོ་སྔོན་ཟི་ལིང་དུ་ནད་པ་ ༡༥ ་དང་། མཚོ་བྱང་ཁུལ་དུ་ནད་པ་༣ སི་ཁྲོན་དཀར་མཛེས་ཁུལ་དུ་ནད་པ་༦༧། དེ་དག་ལས་རྟའུ་རྫོང་ཁོངས་སུ་ནད་པ་༦༢་དང་། དར་རྩེ་མདོ་རུ་ནད་པ་༢། གསེར་རྟ་ལ་ནད་པ་༢། འདབ་པ་ལ་ནད་པ་༡་བཅས་བྱུང་འདུག རྔ་བ་ཁུལ་དུ་༡། ཀན་ལྷོའམ་མདོ་ལྷོ་ཁུལ་དུ་བསྡོམས་ནད་པ་༨ ་བཅས་བྱུང་འདུག
གཞན་སྤྱི་ཡོངས་ནས་འདི་གའི་སྤྱི་ཟླ་ ༢ ་པའི་ཚེས་ ༢༠་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་༧༥༧༧༥་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། ༼དེའི་ཁྲོད་སྨན་པ་༡༧༡༦་ལྷག་ཡོད༽ དེའི་ཁྲོད་ཀྱི་ནད་པ་མི་གྲངས་༢༡༣༠་ཙམ་གྲོངས་འདུག་ལ་རྒྱ་ནག་ཝུའུ་ཧན་ནས་ད་ཆ་འཛམ་གླིང་གི་ཡུལ་གྲུ་ཁག་ ༢༥ ་ལྷག་གི་ནང་ནད་ཡམས་དེ་ཁྱབ་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།