ཏོག་དབྱིབས་ནད་འབུ་འཛམ་གླིང་སྟེང་ཚབས་ཆེའི་ནད་ཡམས་འགྱུར་སྲིད་པའི་ཉེན་བརྡ།

2020-02-11
གློག་འཕྲིན།
མཆན།
Share
པར་བཀོད།
ཉི་ཧོང་གི་མཚོ་འགྲམ་ནས་སྔོན་འགོག་གྱོན་ཆས་གྱོན་པའི་མི་ཁག་ཅིག་ཡུལ་སྐོར་གྲུ་གཟིངས་(Diamond Princess)་ནས་ཐོན་བཞིན་པ། ༢༠༢༠།༢།༡༠
ཉི་ཧོང་གི་མཚོ་འགྲམ་ནས་སྔོན་འགོག་གྱོན་ཆས་གྱོན་པའི་མི་ཁག་ཅིག་ཡུལ་སྐོར་གྲུ་གཟིངས་(Diamond Princess)་ནས་ཐོན་བཞིན་པ། ༢༠༢༠།༢།༡༠
AFP

འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ་འཛམ་གླིང་སྟེང་ཚབས་ཆེ་བའི་ནད་ཡམས་ཞིག་ཆགས་སྲིད་པའི་ཉེན་བརྡ་བཏང་འདུག
དེ་ཡང་སུད་སིའི་གྲོང་ཁྱེར་(Geneva)་ནང་ཉིན་གཉིས་རིང་ཚོགས་གནང་བའི་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ནད་ཡམས་སྔོན་འགོག་གི་རྒྱལ་སྤྱིའི་ཚོགས་འདུ་ཐེངས་དང་པོའི་ཐོག སྨན་པ་དང་ཚན་རིག་མཁས་ཅན་སོགས་མི་སྣ་༤༠༠་ཙམ་མཉམ་ཞུགས་གནང་ཡོད་པ་དང་། ཁོང་རྣམས་ཀྱིས་ནད་ཡམས་བཀག་འགོག་གི་སྨན་ཁབ་བཟོ་ཕྱོགས་སོགས་ཀྱི་ཐད་གོ་བསྡུར་གནང་ཡོད་པ་དང་མཉམ། ད་ཐེངས་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ་རྒྱ་ཡན་ངང་ད་ཆ་རྒྱ་ནག་ནང་ཛ་དྲག་པོ་ཆགས་ཡོད་པ་དང་། དེའི་རྐྱེན་པས་རྒྱལ་སྤྱིའི་རྒྱལ་ཁབ་ཁག་༢༠་ལྷག་གི་ནང་ཁྱབ་ནས་ནད་ཡམས་དེ་འཛམ་གླིང་སྟེང་ཚབས་ཆེའི་ནད་ཡམས་ཞིག་ཆགས་སྲིད་པ་རེད་ཅེས་དང་། མིའི་ཚེ་སྲོག་སྐྱོབ་ཐབས་སུ་ནད་ཡམས་དེ་སྔོན་འགོག་གི་ལས་དོན་གང་ལེགས་སྤེལ་དགོས་ཀྱི་རེད་ཅེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་སྐུ་ཞབས་(Tedros Adhanom Ghegreyesus)་ཡིས་ལྷན་ཚོགས་ཐོག་གསལ་སྟོན་གནང་འདུག
ཡང་ཁོང་གིས། ཉེ་བའི་ཆར་རྒྱ་ནག་ནང་རྩ་བ་ནས་འགྲོ་མྱོང་མེད་པའི་མི་ལ་ཏོག་དབྱིནས་ནད་འབུ་གསར་བ་དེ་འགོས་ཡོད་པའི་གནས་ཚུལ་དེ་འདྲ་མཐོང་དུས་བློ་འཚབ་བྱེད་དགོས་བྱུང་། གནས་ཚུལ་དེའི་རིགས་བཀག་འགོག་བྱེད་མ་ཐུབ་ཚེ་དཀའ་ངལ་ཆེན་པོ་ཆགས་སྲིད་པའི་ཉེན་ཁ་ཡོད་པ་རེད་ཅེས་ལྷན་ཚོགས་སར་གསུང་འདུག
ད་ཆ་འདི་གའི་སྤྱི་ཟླ་ ༢ པའི་ཚེས་ ༡༡ ་ཉིན་གྱི་ཞོགས་པ་བར། རྒྱ་ནག་ནང་མི་གྲངས་ ༤༣༡༣༨་ལྷག་ལ་ནད་ཡམས་དེ་འགོས་ཡོད་པ་གཏན་འཁེལ་བྱུང་བ་དང་། དེའི་ཁྲོད་ཀྱི་ནད་པ་མི་གྲངས་ ༡༠༡༨ ལྷག་གྲོངས་ཡོད་འདུག་ལ་འཛམ་གླིང་གི་ཡུལ་གྲུ་ཁག་༢༥་ཙམ་ནང་ནད་ཡམས་དེ་ཁྱབ་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།