རྒྱ་ནག་དང་ཧོང་ཀོང་བར་གྱི་བགྲོད་ལམ་བཀག་འགོག་ཡོང་ཆེད་ཧོང་ཀོང་ནང་ངོ་རྒོལ།

2020-02-05
གློག་འཕྲིན།
མཆན།
Share
པར་བཀོད།

ཧོང་ཀོང་གི་སྤྱི་ཁྱབ་དང་གཞུང་འབྲེལ་མི་སྣ་ཚོ་གསར་འགོད་ལྷན་ཚོགས་ཐོག ༢༠༢༠།༡།༣༠
ཧོང་ཀོང་གི་སྤྱི་ཁྱབ་དང་གཞུང་འབྲེལ་མི་སྣ་ཚོ་གསར་འགོད་ལྷན་ཚོགས་ཐོག ༢༠༢༠།༡།༣༠
AP

ཧོང་ཀོང་ནང་གི་སྨན་ཞབས་པ་རྣམས་ཀྱིས་རྒྱ་ནག་དང་ཧོང་ཀོང་བར་གྱི་བགྲོད་ལམ་བཀག་འགོག་བྱེད་དགོས་པའི་རེ་འདུན་བཏོན་ནས་ངོ་རྒོལ་ཤུགས་ཆེན་བྱེད་ཀྱིན་ཡོད་འདུག
མིག་སྔར་རྒྱ་ནག་གི་ཝུའུ་ཧན་གྱི་ཏོག་དབྱིབས་ནད་འབུ་གསར་བ་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་པ་དང་བསྟུན་ནས། ཧོང་ཀོང་གི་སྨན་ཞབས་པ་རྣམས་ལ་སེམས་འཚབ་ཆེ་རུ་འགྲོ་བཞིན་ཡོད་ལ། ཁོང་རྣམ་པས་ཏོག་དབྱིབས་ནད་འབུ་སྔོན་འགོག་གི་ལས་དོན་དང་མཉམ་དུ། ཧོང་ཀོང་གི་སྨན་པའི་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་སྨན་ཞབས་པའི་ངོ་རྒོལ་ཆེན་པོ་ཞིག་བྱས་ཡོད་པ་སྟེ། ཧོང་ཀོང་དུ་ཚོགས་མི་གཅིག་ཁྲི་བརྒྱད་སྟོང་གིས་གྲུབ་པའི་ཧོང་ཀོང་གི་སྨན་པའི་ཚོགས་པའི་འབྲེལ་ཡོད་སྨན་པའི་དོ་དམ་ལས་ཁང་གིས་བཀོད་སྒྲིག་གནང་ནས། ཧོང་ཀོང་དང་རྒྱ་ནག་གི་བགྲོད་ལམ་བཀག་འགོག་གིས་ཧོང་ཀོང་གི་སྡོད་དམངས་མ་ཡིན་པའི་རྒྱ་ནག་གི་མི་རྣམས་ཧོང་ཀོང་ལ་འཛུལ་ཞུགས་བྱས་མི་ཆོག་པ་དང་། ཧོང་ཀོང་གི་མི་སེར་ཡིན་ནའང་རྒྱ་ནག་ཏུ་འགྲོ་མྱོང་མཁན་རྣམས་ལའང་ཆེད་དུ་དམིགས་བསལ་གྱི་ས་གནས་སུ་ཟུར་འཇོག་གིས་བརྟག་དཔྱད་བྱ་དགོས་པའི་རེ་འདུན་བཏོན་ནས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག་ལ། ངོ་རྒོལ་གྱི་ལས་འགུལ་དེར་སྨན་ཞབས་པ་བདུན་སྟོང་ལྷག་མཉམ་ཞུགས་གནང་བའི་རྐྱེན་གྱིས། ཧོང་ཀོང་གི་སྨན་ཁང་ཁག་ཏུ་སྨན་པ་ཉུང་ཤོས་ཤིག་གིས་མ་གཏོགས་ཕྱག་ལས་གནང་མཁན་མེད་པའི་དབང་གིས། རྒྱུན་ལྡན་གྱི་ནད་པ་མང་བོ་ཞིག་གི་སྨན་པའི་བརྟག་དཔྱད་ཀྱི་དུས་ཆད་ཀྱང་ཕྱིར་སྣུར་བྱ་དགོས་ཆགས་ཡོད་འདུག
ཧོང་ཀོང་གི་སྨན་ཞབས་པའི་ངོ་རྒོལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་མཁན་དང་སེམས་འཚབ་བྱེད་མཁན་ཁག་གཉིས་བྱུང་ཡོད་པ་སྟེ། སྐོར་ཞིག་གིས་སྨན་ཞབས་པ་རྣམས་ཀྱིས་ངོ་རྒོལ་བྱས་པ་དང་བསྟུན་ནས་ནད་པ་རྣམས་ཀྱི་ཐོབ་ཐང་སྣང་མེད་ཀྱིས་ནད་འབུ་འགོག་སྲུང་གི་ལས་དོན་འཐུས་ཤོར་དུ་འགྲོ་རྒྱུར་སེམས་ཁུར་བྱེད་ཀྱིན་ཡོད་ལ། ཡང་སྐོར་ཞིག་གིས་ཧོང་ཀོང་དང་རྒྱ་ནག་གཉིས་ཀྱི་བགྲོད་ལམ་བཀག་པ་ཡིན་ན་ནད་འབུ་འབྱུང་ཁུངས་བཀག་པ་ཡིན་པས་སྨན་ཞབས་པ་རྣམས་ཀྱི་ངོ་རྒོལ་ལ་རྒྱབ་སྐྱོར་བྱེད་ཀྱིན་ཡོད་འདུག
འདི་ཚེས་༨་རེས་གཟའ་སྤེན་པ་ནས་བཟུང་རྒྱ་ནག་སྐམ་ས་ཆེན་མོ་ནས་ཧོང་ཀོང་ནང་ཡོང་མཁན་རྣམས་བདུན་ཕྲག་གཉིས་རིང་ཟུར་བཀག་བྱས་ནས་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་མེད་རྟག་དཔྱད་ངེས་པར་དུ་བྱ་རུ་བཅུག་རྒྱུ་ཡིན་ལུགས་ཧོང་ཀོང་གི་སྤྱི་ཁྱབ་ལྕམ་(Carrie Lam)་གྱིས་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།