བོད་མིའི་སྒྲིག་འཛུགས་ཀྱིས་ཉམ་ཐག་ཚོའི་ཆེད་ཧིན་སྒོར་བྱེ་བ་༡༥་རེ་ནར་གཏོང་གནང་གི་ཡོད་འདུག

2020-04-30
གློག་འཕྲིན།
མཆན།
Share
པར་བཀོད།
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། ༢༠༢༠།༤།༣༠
ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས། ༢༠༢༠།༤།༣༠
TTV

བོད་མིའི་སྒྲིག་འཛུགས་ཀྱིས་ལོ་རེའི་ནང་བཙན་བྱོལ་བོད་མི་ཉམས་ཐག་ཚོའི་ཆེད་ཧིན་སྒོར་བྱེ་བ་༡༥་རེ་ནར་གཏོང་གིས་གཟིགས་སྐྱོང་གནང་གི་ཡོད་འདུག
རྒྱ་གར་རྡ་རམ་ས་ལའི་གངས་སྐྱིད་དུ་སྤྱི་ཟླ་༤་པའི་ཚེས་༣༠་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་ལགས་དང་། ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་རྣམ་གཉིས་ཀྱིས། དྲ་ལམ་བརྙན་འཕྲིན་བརྒྱུད་ཏོག་དབྱིབས་ནད་ཡམས་སྐོར་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། ཉེ་ལམ་བཙན་བྱོལ་ནང་ཉམ་ཐག་ཁག་ཅིག་གི་སྐོར་གསར་ལམ་ཁག་ནང་འགོད་སྤེལ་བྱུང་བའི་ཐོག ནང་སྲིད་བཀའ་བློན་འཁོར་ལྷ་ཚང་བསོད་ནམས་སྟོབས་རྒྱལ་ལགས་ཀྱིས། བཙན་བྱོལ་སྤྱི་ཚོགས་ནང་ཉམ་ཐག་ཡོང་བ་ཚོར་གཟིགས་རྟོག་གནང་རྒྱུ་སྒྲིག་འཛུགས་ཀྱི་ལས་འགན་ཆགས་ཡོད་ཅིང་། སྒྲིག་འཛུགས་ཀྱི་ངོས་ནས་ཉམ་ཐག་རིམ་པ་གསུམ་དུ་བགར་ཏེ་གཟིགས་རྟོག་བྱེད་བཞིན་པ་དང་། ལོ་རེའི་ནང་ཉམ་ཐག་ཁོ་ནའི་ཆེད་དུ་རྒྱ་གར་སྒོར་མོ་བྱེ་བ་༡༥་རེ་ནར་གཏོང་གནང་གི་ཡོད་པ་གསལ་བཤད་གནང་གི་འདུག ད་དུང་ཁོང་གིས་ནང་སྲིད་ཀྱི་ཁྱབ་ཁོངས་སོགས་སུ་ཉམ་ཐག་མི་གྲངས་༡༤༠༠་རེ་ལ་ལོ་རེའི་ནང་རྒྱ་གར་སྒོར་མོ་འབུམ་༩༧༩་རེ་འཚོ་སྣོན་ཆེད་ཕུལ་གྱི་ཡོད་པ་དང་། ཤེས་རིག་གི་སློབ་ཡོན་ཕུལ་དགོས་སའི་ཉམ་ཐག་༡༡༥༢་ལ་ལོ་རེའི་ནང་རྒྱ་གར་སྒོར་མོ་འབུམ་༥༠༠་ཙམ་གྱི་འགྲོ་གྲོན་གཏོང་གི་ཡོད་པ། ཡང་སློབ་ཕྲུག་གི་ལམ་གྲོན་དང་འཚོ་སྣོན་ལ་འབུམ་ལྔ་རེ་དང་། འཕྲོད་བསྟེན་གྱི་ཐོག་ཉམ་ཐག་ནད་མནར་པ་ཚོར་ལོ་རེའི་ནང་འབུམ་༦༢་ཙམ་གཏོང་གི་ཡོད་པ་བཅས། མདོ་དོན་བོད་མིའི་སྒྲིག་འཛུགས་ཀྱིས་ཉམ་ཐག་རང་གི་ལས་གཞིའི་ཆེད། ལོ་རེའི་ནང་རྒྱ་གར་སྒོར་མོ་བྱེ་བ་༡༥་རེ་ནར་གཏོང་གནང་ཡོད་པ་གསལ་བཤད་བྱས་ཡོད་པ་རེད།
སྲིད་སྐྱོང་མཆོག་གིས། ཉེ་ལམ་གསར་ལམ་རེ་འགར་ཉམ་ཐག་ཁག་ཅིག་གི་སྐོར་གནས་ཚུལ་བཀོད་སྤེལ་བྱུང་བའི་ཐད། སྤྱི་ཡོངས་ནས་མང་གཙོ་དང་གཏམ་བརྗོད་རང་དབང་སོགས། བཀའ་ཤག་གི་ཐོག་ནས་གནས་དགོས་པ་དང་རང་དབང་དགོས་པར་ཁས་ལེན་གྱི་ཡོད་ནའང་། ད་ཆ་ཉམ་ཐག་རྣམས་གསར་ལམ་དུ་བསྟན་ཡོང་དུས། བོད་མིའི་སྒྲིག་འཛུགས་ཀྱིས་རོགས་པ་བྱས་ཡོད་མེད་སོགས་དྲི་བ་གནང་རྒྱུའི་འགན་བཞེས་དགོས་པ་གསལ་འདེབས་གནང་གི་འདུག
དེ་དང་མཉམ་དུ་སྲིད་སྐྱོང་མཆོག་གིས་སྤྱི་ཟླ་༥་པའི་ཚེས་ཤར་ནས་སྤྱི་ཟླ་༦་པའི་ཚེས་ཤར་བར། རྒྱ་གར་ནང་སྟོན་ཐོག་བསྡུ་ལས་སོགས་ཀྱི་དབང་གིས་ཏོག་དབྱིབས་ཡམས་ཁྱབ་གདལ་གྱི་ཉེན་ཁ་ཇེ་ཆེར་འགྲོ་ཉེན་ཡོད་པས། བོད་མི་ཚོ་ལས་ཀ་ཧ་ཅང་ཛ་དྲག་མེད་ན་ཁྱོན་ནས་ཕྱི་ལ་མི་འཐོན་རྒྱུ་གལ་ཆེན་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཚོའང་ཕྱི་ནས་ཚུར་ཡོང་མཁན་གྲས། ཐོག་མར་ཟུར་བཀག་གིས་ཆེད་དུ་འདུག་ས་བཟོས་ཡོད་པ་མ་གཏོགས། ཐད་ཀར་གངས་སྐྱིད་དུ་བཅར་མི་ཆོག་པ་སོགས་གསལ་བཤད་གནང་ཡོད།
བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་བཙན་བྱོལ་ནང་གི་དགོན་སྡེ་དང་སློབ་གྲྭ་སོགས་མང་ཆེ་ཤོས་གནས་ཡུལ་གྱི་རྒྱ་གར་རྒྱལ་ཁོངས་སུ། སྤྱི་ཟླ་༤་པའི་ཚེས་༣༠་ཉིན་གྱི་ཕྱི་དྲོ་བར། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་འགོས་བའི་ནད་པ་མི་གྲངས་༣༣༣༣༦་བྱུང་བ་ནས་ནད་པ་༡༠༨༢་འདས་གྲོངས་སུ་གྱུར་ཡོད།

མཆན། (0)
Share
དྲ་གནས་ཆ་ཚང༌།