རྡ་རམ་སཱ་ལ་གཙོས་བོད་མི་གནས་ཡུལ་ཁག་ནང་བོད་མི་༣༥༠་ལྷག་ཟུར་བཀག་བྱས་འདུག

2020-03-27
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་རམ་སཱ་ལར་གནས་སྡོད་པ་ཚོས་བཟའ་ཆས་ཉོ་བཞིན་པ། ༢༠༢༠།༣།༢༧
རྡ་རམ་སཱ་ལར་གནས་སྡོད་པ་ཚོས་བཟའ་ཆས་ཉོ་བཞིན་པ། ༢༠༢༠།༣།༢༧
བློ་བཟང་དགེ་ལེགས།/RFA

ཉེ་ལམ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་ཀང་ར་ནས་འདས་གྲོངས་སུ་ཕྱིན་པའི་མི་དེ་དང་འབྲེལ་འདྲིས་ཉེ་བོ་བྱུང་བའི་མི་བཅུ་ཟུར་བཀག་བྱས་ཡོད་པ་དང་། བོད་མི་ཚང་མས་གཞུང་གི་བཀོད་ཁྱབ་ལ་བརྩི་བཀུར་གཟབ་ནན་དགོས་བ་བོད་མིའི་སྒྲིག་འཛུགས་ཀྱིས་འབོད་སྐུལ་གནང་གི་འདུག
བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་སྔོན་འགོག་ཆེད་ཆེས་མཐོའི་ཚོགས་ཆུང་ཞིག་ཆེད་འཛུགས་གནང་ཡོད་པ་དང་། ཚོགས་ཆུང་གི་འབྲེལ་མཐུད་པ། སྨན་པ་མཚམས་གཅོད་ལགས་དང་སྨན་པ་ཉི་མ་ཚེ་རིང་གཉིས་ཀྱིས། སྤྱི་ཟླ་༣་པའི་ཚེས་༢༧་ཉིན། བཞུགས་སྒར་དུ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ཐོག བོད་མི་ཚོས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་ལ་དོ་ནན་གྱིས་རང་ཁྱིམ་དུ་བཞུགས་གལ་ཆེ་བ་དང་། ཉེ་ལམ་ཏོག་དབྱིབས་ནད་ཡམས་ཀྱི་ནད་རྟགས་ཡོད་པ་ཀང་ར་ནས་འདས་གྲོངས་སུ་ཕྱིན་པའི་བོད་མི་དེ་དང་འབྲེལ་འདྲིས་ཉེ་བོ་བྱུང་བའི་ནང་མི་དང་། རླངས་འཁོར་ཁ་ལོ་པ་སོགས་མི་བཅུ་ཆེད་དུ་ཟུར་བཀག་གིས་བཞག་ཡོད་པ། འབྲེལ་མཐུད་སྨན་པ་མཚམས་གཅོད་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
ཡང་སྨན་པ་ཉི་མ་ཚེ་རིང་ལགས་ཀྱིས་གསུངས་ན། ཟུར་བཀག་བྱེད་དགོས་པའི་རིགས་སྡེ་ཚན་བཞི་ཡོད་པ་ལས། སྡེ་ཚན་གསུམ་ནི་རྒྱ་གར་གཞུང་གི་བཀའ་ཁྱབ་ལྟར་འགྲོ་དགོས་པ་ལས་ང་ཚོའི་ལག་པར་མེད། འོན་ཀྱང་། ཁྱིམ་དུ་སྔོན་འགོག་ཟུར་བཀག་གི་རིགས་ལ་ང་ཚོས་ལམ་སྟོན་བྱེད་ཆོག་པ་དང་བྱེད་བཞིན་ཡོད། ཟུར་བཀག་གི་སྐབས་སུ་མི་རྒན་པ་དང་སྦྲུམ་མ། དེ་བཞིན་པ་ཕྲུ་གུ་དང་ནད་པ་སོགས་ལ་རྒྱང་རིང་ཙམ་བྱས་ནས་འདུག་དགོས་པ་དང་། ཁྱིམ་དུ་ཕར་ཚུར་གང་བྱུང་གིས་མི་འགྲོ་བ། ཅ་དངོས་སྣ་ཚོགས་ལ་ལག་པ་ཡང་ཡང་མི་འཆང་བ། རྒྱུན་དུ་ཁ་རས་གྱོན་དགོས་པ། ཁ་རས་ཡང་ཡང་བརྗེ་སྤོར་བྱ་དགོས་པ། གསང་སྤྱོད་དང་ལག་པ་སོགས་དུག་སེལ་ཡང་ཡང་བྱེད་དགོས་པ། ནད་རྟགས་མངོན་ཚེ་འཕྲལ་དུ་སྨན་པར་བསྟེན་གཏུག་བྱེད་དགོས་པ་བཅས་ལམ་སྟོན་གནང་གི་ཡོད་པའགྲེལ་བརྗོད་གནང་བྱུང་།
གཞན་ད་ལྟ་རྒྱ་གར་ནང་བོད་མིའི་གཞིས་ཆགས་ཁག་ཏུ། ཕར་ཚུར་འགྲུལ་བཞུད་གནང་བ་སོགས་ཟུར་བཀག་གིས་བཞག་ཡོད་པ་ནི། མོན་གྷོ་ཊི་གཞིས་ཆགས་སུ་མི་༢༠༠་ལྷག་དང་། མེའོ་གཞིས་ཆགས་སུ་མི་གྲངས་༢༥། ཨོ་རི་ས་ལ་༤༨་དང་། ཀོ་ལི་གྷལ་དུ་མི་གྲངས་༧༥་བཅས་ཡོད་པ་དང་། འབྲེལ་མཐུད་སྨན་པ་མཚམས་གཅོད་ལགས་ཀྱིས་བོད་མི་རྣམས་རྒྱ་གར་དང་། ཕྱི་རྒྱལ་ཡུལ་གྲུ་གང་ན་སུ་བཞུགས་ཚང་མས། སོ་སོའི་གནས་ཡུལ་གཞུང་གི་བཀོད་ཁྱབ་ལམ་སྟོན་ལ་བརྩི་སྲུང་གནང་རོགས་ཞེས་འབོད་སྐུལ་གནང་སོང་།
བོད་མི་སུ་ལ་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཁྱབ་ཀྱི་དཀའ་ངལ་སོགས་བྱུང་ཚེ། འབྲེལ་ཡོད་འབྲེལ་གཏུག་བྱེད་ས་ཁག བོད་མིའི་སྒྲིག་འཛུགས་ཀྱི་དྲ་ངོས་དང་འཕྲོད་བསྟེན་ལས་ཁུངས་ཀྱི་དྲ་ངོས་བཅས་སུ་འཁོད་ཡོད་ཅིང་། ངོ་དེབ་སོགས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁུངས་ལྡན་གནས་ཚུལ་མ་ཡིན་པ་མང་པོ་ཞིག་ཐོན་བཞིན་པས། དེས་སེམས་ཁམས་འཕྲོད་བསྟེན་ལ་གནོད་ཚབས་ཆེ་བས་ལྟ་ཀློག་མ་བྱས་ན་ལེགས་པ་དང་། ཚོགས་ཆུང་གི་ངོས་ནས་ལུས་ཟུངས་གསོ་བའི་ཕྱིར་དུ་སྟོབས་བཅུད་ཀྱི་སྨན་ཁག་ཅིག་གཏན་འབེབས་བྱེད་ཀྱི་ཡོད་ནའང་། ངེས་པར་ཚང་མས་མཆོད་དགོས་པ་ཆགས་ཀྱི་མེད་པ་སོགས་གསལ་བཤད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།