འདས་པོ་དམ་པར་འབྲེལ་འདྲིས་བྱུང་མཁན་ཚང་མ་ཟུར་བཀག་བྱས་འདུག

2020-03-24
གློག་འཕྲིན།
མཆན།
Share
པར་བཀོད།
ཟུར་བཀག་ཁང་གོ་སྒྲིག་བྱས་ཡོད་སའི་རྡ་སའི་སྣེ་ལེན་ཁང་། ༢༠༡༩།༡༡
ཟུར་བཀག་ཁང་གོ་སྒྲིག་བྱས་ཡོད་སའི་རྡ་སའི་སྣེ་ལེན་ཁང་། ༢༠༡༩།༡༡
Lhuboom/RFA

བསྟན་འཛིན་ཆོས་འཕེལ་དམ་པར་འབྲེལ་འདྲིས་བྱུང་མཁན་ཚང་མ་ཟུར་བཀག་བྱས་ཡོད་པ་དང་བཞུགས་སྒར་རྡ་རམ་སཱ་ལའི་ནང་ཉིན་གསུམ་རིང་འགྲོ་བསྐྱོད་ཡོངས་སུ་བཀག་སྡོམ་བྱས་འདུག
དེ་ཡང་རྒྱ་གར་རྡ་རམ་ས་ལའི་མེག་ལོར་གྷན་རྗེ་ཁུལ་དུ་གནས་སྡོད་བྱེད་མཁན། བོད་མི་དགུང་ལོ་༦༩་ཡིན་པ་བསྟན་འཛིན་ཆོས་འཕེལ་ལགས། ཉེ་ལམ་ཨ་མི་རི་ཀར་གཉེན་འཕྲད་དུ་བསྐྱོད་ནས་ཕྱིར་རྒྱ་གར་དུ་འབྱོར་རྗེས་དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་ན་ཚའི་རྐྱེན་པས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ཊན་ཊ་(Tanda)་གཞུང་གི་སྨན་ཁང་ནས་འདི་ཚེས་༢༣་ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། སྔོན་འགྲོའི་རྟག་དཔྱད་བྱས་བ་བརྒྱུད་ཁོང་འདས་གྲོངས་སུ་སོང་བའི་རྒྱུ་རྐྱེན་ནི། རྒྱ་ནག་ཝུའུ་ཧན་གྲོང་ཁྱེར་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པས་རེད་ཅེས་སྨན་པས་ངོས་འཛིན་གནང་ཡོད་པ། སྤྱི་ཟླ་༣་པའི་ཚེས་༢༤་ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསལ་བཤད་གནང་གི་འདུག
སྲིད་སྐྱོང་མཆོག་གིས་མུ་མཐུད་དུ་གསུངས་ན། བསྟན་འཛིན་ཆོས་འཕེལ་ལགས། སྤྱི་ཟླ་༣་པའི་ཚེས་༡༥་ཉིན་ཁོང་གི་བཟའ་ཟླ་དང་ལྷན་དུ། ཨ་མི་རི་ཀ་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྱོར་ཡོད་པ་དང་། དེ་ནས་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མགྲོན་ཁང་ཞིག་ཏུ་ཉིན་གྲངས་ལྔའི་རིང་བསྡད་ཡོད་པས། མགྲོན་ཁང་དེའི་ནང་ཁོང་དང་འབྲེལ་འདྲིས་བྱུང་མཁན་དང་ཁོང་བཞུགས་སྒར་དུ་ཚུར་ཡོང་རོགས་རྣམ་པ། གླ་བྱེད་རླངས་འཁོར་གྱི་ཁ་ལོ་པ་སོགས་འབྲེལ་འདྲིས་བྱུང་ཚད་ཚང་མ་རྩད་གཅོད་བྱས་ནས་ཟུར་བཀག་བྱས་ཡོད་པའི་ཁར། ཁོང་གི་བཟའ་ཟླ་དང་བུ་ཕྲུག བུའི་རོགས་པ་བཅས་བོད་མིའི་སྒྲིག་འཛུགས་ཀྱི་སྣེ་ལེན་ཁང་དུ་ཟུར་བཀག་གིས་བཞག་ཡོད་པ་དང་། རྡབ་གསིགས་མི་འབྱུང་བའི་ཆེད་སྨན་པའི་ལམ་སྟོན་གཞིར་བཟུང་ཕུང་པོ་མེར་བསྲེགས་བཏང་ཡོད་པ་དང་། ཀང་ར་རྫོང་དཔོན་དང་བཀའ་མོལ་བྱུང་ཐོག་སྔོན་འགོག་གི་ཆེད་དུ། འབྱུང་འགྱུར་ཉིན་གསུམ་རིང་བཞུགས་སྒར་ཁུལ་དུ་འགྲོ་བསྐྱོད་འགྲུལ་བཞུད་ཡོངས་སུ་བཀག་སྡོམ་བྱས་ནས་རང་ཁྱིམ་ནས་ཀྱང་ཕྱི་ལ་ཐོན་ཆོག་གི་མེད་པ་གསུངས་བྱུང་།
ཡང་སྲིད་སྐྱོང་མཆོག་གིས། བོད་མི་ཚང་མས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་དང་ཡིད་གཟབ་དོགས་ཟོན་གྱིས། ཕར་ཚུར་འགྲུལ་བཞུད་གནང་རྒྱུ་མཚམས་འཇོག་བྱེད་དགོས་པ་ཤིན་ཏུ་གལ་ཆེ་བ་དང་། བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་ཡམས་གསར་བ་སྔོན་འགོག་ཆེད་བཙུགས་པའི་ལས་དོན་ཚོགས་ཆུང་གིས། ཉིན་རེ་བཞིན་གནས་སྟངས་ལ་བཀའ་བསྡུར་གནང་བཞིན་པ་མ་ཟད། ཚོགས་ཆུང་ནང་བླ་སྨན་པ་གཉིས་ཡོད་པ་ནས་ནད་པ་སུ་ལའང་གཟིགས་ཀྱི་མེད་པ་དང་། ༧གོང་ས་མཆོག་གི་སྐུ་ཕྱྭ་ཧ་ཅང་གལ་ཆེན་དུ་བརྩིས་ཏེ། དགའ་ལྡན་ཕོ་བྲང་གི་ཡིག་ཚང་ཁག་ཀྱང་སྒོ་བསྐྱོན་ཡོད་པ་ངོ་སྤྲོད་གནང་གི་འདུག
ད་ལན་ཏོག་དབྱིབས་ནད་འབུ་གསར་བ་འགོས་ནས་འདས་གྲོངས་སུ་གྱུར་བ་བོད་མི་བསྟན་འཛིན་ཆོས་འཕེལ་ལགས་ནི། ནམ་རྒྱུན་བཞུགས་སྒར་རྡ་རམ་ས་ལར་རྒྱུན་བཞུགས་གནང་མཁན་ཞིག་ཡིན་པ་དང་། སྤྱི་ལོ་༢༠༡༦་ལོར་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སྐབས། འོས་བསྡུ་འགན་འཛིན་གྱི་ལས་རོགས་དང་ས་གནས་འཐུས་ཚོགས། རང་བདེན་ཚོགས་ཆུང་བཅས་སུ་ཕྱག་ལས་གནང་མྱོང་མཁན་ཞིག་ཡིན་པ་རེད།
རྒྱ་གར་ཀང་ར་རྫོང་གི་སྤྱི་ཁྱབ་ཉེན་རྟོག་དཔོན་གྱིས་སྤྱི་ཚོགས་དྲ་ལམ་བརྒྱུད་མང་ཚོགས་ལ་གལ་ཆེའི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཟླ་འདིིའི་ཕྱི་ཚེས་ ༡༨ ་ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦་དང་སྐར་མ་༡༥་ཐོག་ལྡི་ལི་ནས་རྡ་སར་བསྐྱོད་མཁན་ཧི་མ་ཅལ་མངའ་སྡེ་གཞུང་གི་ཝོལ་ཝོ་སྤྱི་སྤྱོད་རླངས་འཁོར་(Himsuta HRTC Volvo Bus)་ནང་ཡོང་མཁན་འགྲུལ་བ་ཚོས་ཁ་པར་ཨང་གྲངས་ ༡༠༤ ་དང་ ༡༠༧༧ ་ལ་འཕྲལ་དུ་འབྲེལ་བ་བྱེད་དགོས་པ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།