བོད་མིའི་སྒྲིག་འཛུགས་ཀྱིས་ནད་ཡམས་སྔོན་འགོག་ཆེད་ལས་བཅར་ཞུ་མཁན་ཉུང་འཕྲི།

2020-03-23
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་སའི་གཙུག་ལག་ཁང་གི་སྲང་ལམ། ༢༠༢༠།༣།༢༡
རྡ་སའི་གཙུག་ལག་ཁང་གི་སྲང་ལམ། ༢༠༢༠།༣།༢༡
བློ་བྷེ།/FB

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་གདལ་སྔོན་འགོག་ཆེད་རྒྱ་གར་ཧི་མ་ཅལ་མངའ་སྡེ་གཞུང་གིས་ཀང་ར་རྫོང་ནང་འགྲོ་བསྐྱོད་ཡོངས་སུ་བཀག་སྡོམ་བྱས་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས། རྒྱ་གར་ནང་ནད་ཡམས་གསར་བ་དེ་ཁྱབ་ཡོད་སའི་རྫོང་ཁག་༧༥་ནང་ད་ཆ་འགྲོ་བསྐྱོད་ཡོངས་སུ་བཀག་སྡོམ་བྱས་ཟིན་འདུག་ལ། ཟླ་བ་འདིའི་ཚེས་༢༢་རེས་གཟའ་ཉི་མའི་ཉིན། རྒྱ་གར་ཧི་མ་ཅལ་འཕྲོད་བསྟེན་ལྷན་ཁང་གིས་བཀོད་ཁྱབ་ཞིག་བཏང་བའི་ནང་དུ། ཧི་མ་ཅལ་མངའ་སྡེ་གཞུང་གིས་རིམས་ནད་ཁྱབ་གདལ་སྐབས་ཀྱི་ཁྲིམས་གཞི་ཨང་༢་དང་༣། དེ་བཞིན་༤་བཅས་ཀྱི་འོག་ཀང་ར་རྫོང་ཁུངས་སུ་ཚུད་པའི་མེ་འཁོར་དང་། གནམ་གྲུ མོ་ཊ། དེ་བཞིན་སྦག་སྦག་སོགས་གཞུང་དང་སྒེར་གྱི་སྤྱི་དམངས་འགྲིམ་འགྲུལ་ཆ་ཚང་དུས་ཚོད་ངེས་མེད་བར་འགྲོ་བསྐྱོད་མི་ཆོག་པར་ཡོངས་སུ་བཀག་སྡོམ་བྱེད་རྒྱུ་ཡིན་པ་རེད། ད་དུང་རྫོང་དེའི་ནང་གི་ཚོང་ཁང་དང་ཟ་ཁང་། མགྲོན་ཁང་སོགས་ཆ་ཚང་སྒོ་རྒྱག་དགོས་བ་དང་། སྨན་ཁང་དང་དངུལ་ཁང་། ཉེན་རྟོག་ཁང་། དེ་བཞིན་བཟའ་ཆས་རིགས་ཀྱི་ཚོང་ཁང་བཅས་ལ་དམིགས་བསལ་གྱི་དམ་བསྒྲགས་མེད་པར་སྒོ་ཕྱེ་ཆོག་གི་ཡོད་པ་རེད།
དུས་རྒྱུན་མི་ཚོགས་མང་བའི་རྒྱ་གར་རྡ་རམ་ས་ལའི་ཁྲོམ་གཞུང་ཁག་ཉིན་འདི་ཚོར་སྟོང་པར་ཡོད་པ་དང་། དེ་ནི་འདས་པའི་ལོ་རྒྱུས་ནང་ཧ་ལམ་འདི་ལྟ་བུ་ཞིག་བྱུང་མྱོང་མེད་པ་རེད་འདུག
ཡང་འདི་ཚེས་༢༣་རེས་གཟའ་ཟླ་བའི་ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། གསར་འགོད་ལྷན་ཚོགས་ཤིག་སྐོང་ཚོགས་གནང་ཞིང་། སྐབས་དེར་སྲིད་སྐྱོང་མཆོག་གིས། རྒྱ་གར་ནང་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་ཚད་ཇེ་ཆེར་འགྲོ་བཞིན་ཡོད་པས། བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་བརྒྱ་ཆ་ལྔ་བཅུ་རེ་མོས་བྱས་ནས་ལས་བཅར་ཞུ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་བ་དང་། ད་རེས་རིམས་ནད་དེ་སྔོན་འགོག་ཚོད་འཛིན་ཆེད་ཐབས་ལམ་གཞན་ཞིག་ཡོད་པ་ནི། ནང་ལ་གློག་ཀླད་རྩིས་འཁོར་གྱི་ཆ་རྐྱེན་ཡོད་པའི་ལས་བྱེད་རྣམས་ནང་དུ་བསྡད་ནས་ཕྱག་ལས་གནང་འགོ་འཛུགས་རྒྱུ་ཡིན་ཞེས་གསུངས་གནང་སོང་།
རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འཛམ་གླིང་གང་སར་ཁྱབ་པ་ནས། མིག་སྔར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཏོག་དབྱིབས་ནད་འབུ་གསར་བ་ཕོག་མཁན་བོེད་རིགས་གཅིོག་ཀྱང་ཐོན་མེད་པ་དང་། སྲིད་སྐྱོང་མཆོག་གིས་ཀྱང་། བོད་མི་ཚོས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་སྔོན་འགོག་ཚོད་འཛིན་གྱི་ཆེད་དུ་མུ་མཐུད་དུ་ཤུགས་རྒྱག་དགོས་པ་དང་། གལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཁྲོད་ཏོག་དབྱིབས་ནད་ཡམས་གསར་བ་དེ་འགོས་ཡོད་པའི་དོགས་གཞི་ཅན་བྱུང་ཚེ་དེ་དག་སྔོན་འགོག་ཟུར་བཀག་བྱེད་སའི་ཆ་རྐྱེན་བསྐྲུན་ཡོད་པ་གསུངས་གནང་སོང་།
རྒྱ་གར་དབུས་འཕྲོད་བསྟེན་ལྷན་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། འདི་ཚེས་༢༣་ཉིན་གྱི་སྔ་དྲོའི་ཆུ་ཚོད་༡༠་པའི་བར་རྒྱ་གར་ནང་ཏོག་དབྱིབས་ནད་འབུ་གསར་བའི་འགོས་ནད་ཕོག་ཡོད་པ་མི་གྲངས་༣༤༩་དང་། དེའི་རྐྱེན་པས་མི་༧་འདས་གྲོངས་སུ་ཕྱིན་འདུག ད་བར་རྒྱ་གར་གྱི་རྒྱལ་སྤྱིའི་གནམ་ཐང་ཁག་གི་ནང་མི་གྲངས་འབུམ་༡༥་ལྷག་ལ་རྟག་དཔྱད་བྱས་འདུག་མ་ཟད། རྒྱ་གར་ནང་མངའ་སྡེ་༢༩་ཡོད་པ་ལས་ད་ལྟའི་ཆར་མངའ་སྡེ་༢༣་ནང་ཡམས་དེ་ཁྱབ་གདལ་དུ་ཕྱིན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།