བོད་དོན་ཆེད་རྐང་འཁོར་བསྐྱོད་དང་ཞི་བའི་གོམ་བགྲོད་ཀྱི་ལས་འགུལ་གཉིས་མཇུག་སྒྲིལ།

2020-07-20
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་པ་རྟའུ་བློ་བཟང་སྦྱིན་པ་ལགས་དང་ཞི་བའི་གོམ་བགྲོད་པ་སངས་རྒྱས་སྐྱབས་ལགས་གཉིས། ༢༠༢༠།༧
བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་པ་རྟའུ་བློ་བཟང་སྦྱིན་པ་ལགས་དང་ཞི་བའི་གོམ་བགྲོད་པ་སངས་རྒྱས་སྐྱབས་ལགས་གཉིས། ༢༠༢༠།༧
སྒྲིག་བཟོ།

ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱི་བོད་དོན་ཆེད་རྐང་འཁོར་སྐོར་བསྐྱོད་ཀྱི་ལས་འགུལ་འདི་ཚེས་༡༩་ཉིན་ཨ་རིའི་རྒྱལ་ས་ནས་མཇུག་སྒྲིལ་བ་དང་། དེ་བཞིན་ཁེ་ཎ་ཊའི་ནང་བོད་དོན་ཆེད་ཞི་བའི་གོམ་བགྲོད་གནང་མཁན་སངས་རྒྱས་སྐྱབས་ལགས་ཀྱིས་ཁེ་ཎ་ཊའི་ནང་ཞི་བའི་གོམ་བགྲོད་བྱས་ནས། འདི་ཚེས་༢༠་ཉིན་ཁེ་ཎ་ཊའི་ཀྲོ་རོན་ཀྲོ་(Toronto)་ལ་འབྱོར་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་མི་མང་པོ་མཉམ་ཞུགས་ཀྱིས་ངོ་རྒོལ་སྐད་འབོད་དང་མཉམ་ལས་འགུལ་མཇུག་སྒྲིལ་འདུག
ཆབ་སྲིད་བཙོན་ཟུར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས། རྒྱ་ནག་གཞུང་ལ་པཎ་ཆེན་རིན་པོ་ཆེ་གློད་བཀྲོལ་གཙོས་བོད་ནང་རང་དབང་སྤྲོད་དགོས་བའི་དགོས་འདུན་དང་། དེ་བཞིན་ཨ་མི་རི་ཀའི་གཞུང་གིས་བོད་དོན་ཐོག་རྒྱབ་སྐྱོར་མུ་མཐུད་དུ་ཡོང་བའི་རེ་སྐུལ་ཆེད། ཨ་མི་རི་ཀའི་བྷོ་སུ་ཊོན་མངའ་སྡེ་ནས་ནེའུ་ཡོག་བརྒྱུད་རྒྱལ་ས་ཝ་ཤིན་ཊོན་བར་འདས་བའི་ཉིན་ཤས་རིང་སྤྱི་ལེ་༨༠༠་ལྷག་སྐོར་བསྐྱོད་བྱས་ཡོད་པ་དང་། ཚེས་༡༩་ཉིན། ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་འབྱོར་སྐབས། ས་གནས་བོད་མི་མང་པོ་མཉམ་ཞུགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་དང་། བོད་དོན་སྐད་འབོད་བྱས་བ་མ་ཟད། དེ་ནས་ཨ་རིའི་སྲིད་འཛིན་གྱི་ཕོ་བྲང་དཀར་པོ་བར་རྐང་འཁོར་བསྐོར་སྐྱོད་ཀྱི་རྔམ་སྟོན་ལས་འགུལ་དང་། བོད་དོན་དྲིལ་བསྒྲགས་གནང་ཡོད་པ་རེད།
ད་རེས་ཨ་རིའི་རྒྱལ་སའི་ལས་འགུལ་དེ་རྒྱལ་སའི་མངའ་ཁུལ་གྱི་བོད་རིགས་སྤྱི་མཐུན་ཚོགས་པ་དང་། ས་གནས་གཞོན་ནུ་སོགས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་མཉམ་རུབ་ཀྱིས་སྤེལ་བ་དང་། སྐབས་དེར་རྟའུ་བློ་བཟང་སྦྱིན་པ་ལགས་ཀྱིས། ད་ལྟའི་དུས་འདིར་བོད་དོན་དྲིལ་བསྒྲགས་ཀྱི་ལས་འགུལ་འདི་ནི། འཛམ་གླིང་ཡོངས་རྫོགས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་ཀྱི་འཇིགས་སྣང་འོག་གནས་པའི་སྐབས། བོད་མི་ཚོ་ཁུ་སིམ་པོར་མ་གནས་པར་བོད་དོན་ལས་འགུལ་སྤེལ་གྱི་ཡོད་པའི་བརྡ་ལན་ཞིག་འཕྲོད་པ་བརྒྱུད། འདི་ལྟའི་ལས་འགུལ་བརྒྱུད་རྒྱ་ནག་གཞུང་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་ཚོར་གྲོས་མོལ་མ་ཞུ་ཐབས་མེད་བཟོ་ཐུབ་པ་ཞིག་ལ་དམིགས་ཡུལ་བཅངས་གནང་གི་ཡོད་པ་གསུང་སོང་།
རྟའུ་བློ་བཟང་སྦྱིན་པ་ལགས་ནི། ༢༠༠༨་ཕྱི་ཟླ་ ༤ ་ཚེས་ ༡༥་ཉིན་རྟའུ་རྫོང་ཐོག་ཏུ་དགེ་འདུན་པ་གཙོ་བོར་གྱུར་བའི་བོད་མི་མང་ཚོགས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་སྐབས། རྒྱ་ནག་གཞུང་གིས་བོད་མི་ ༡༡ ་ལ་མེ་མདའ་རྒྱབ་པ་དང་། བོད་མི་མང་པོ་འཛིན་བཟུང་བྱས་བའི་ཁྲོད་ཀྱི་གཅིག་ཡིན་པ་རེད།
ཁེ་ཎ་ཊའི་ནང་གནས་སྡོད་བྱེད་མཁན་སངས་རྒྱས་སྐྱབས་ལགས་སུ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་བར། ཁོང་གིས་ད་ཐེངས་བོད་དོན་ཆེད་ཞི་བའི་གོམ་བགྲོད་དེ་སྤྱི་ཟླ་༦་པའི་ཚེས་༢༨་ཉིན་ནས་འགོ་བཙུགས་ནས། གོམ་བགྲོད་དང་མཉམ་བོད་དོན་དྲིལ་བསྒྲགས་བྱེད་ཞོར་སྤྱི་ཟླ་༧་པའི་ཚེས་༦་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ཁེ་ཎ་ཊའི་རྒྱལ་ས་ཨོ་ཀྲ་ཝ་(Ottawa)་འབྱོར་ཐུབ་པ་བྱས་ནས། དེའི་ཉིན་ས་གནས་བོད་མི་མང་པོ་མཉམ་ཞུགས་དང་མཉམ་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་བ་དང་། ཉིན་གཉིས་ཀྱི་ཟས་བཅད་ངོ་རྒོལ་བྱས་རྗེས། ཕྱིར་གོམ་བགྲོད་ཀྱིས་འདི་ཚེས་༢༠་ཉིན། ཁེ་ཎ་ཊའི་གྲོང་ཁྱེར་ཆེ་ཤོས་ཀྲོ་རོན་ཀྲོ་(Toronto)་ལ་འབྱོར་ནས་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་མི་མང་པོ་མཉམ་ཞུགས་ཀྱིས་ངོ་རྒོལ་སྐད་འབོད་དང་མཉམ་ལས་འགུལ་མཇུག་སྒྲིལ་བ་ངོ་སྤྲོད་གནང་བྱུང་ལ། ད་ཐེངས་ཁྱོན་སྡོམ་སྤྱི་ལེ་༩༠༠་ལྷག་ཙམ་ལ་ཞི་བའི་གོམ་བགྲོད་དང་མཉམ་བོད་དོན་དྲིལ་བསྒྲགས་བྱས་འདུག
སངས་རྒྱས་སྐྱབས་ལགས་ནི་དེ་སྔ་བོད་ནས་བཙན་བྱོལ་དུ་འབྱོར་བ་དང་། ད་ཐེངས་ཁོང་གིས་རྒྱ་ནག་གཞུང་ལ། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་བོད་ནང་ཕེབས་འཇུག་དགོས་བ་དང་། བོད་རྒྱ་ཞི་བའི་གྲོས་མོལ་བྱེད་དགོས་བ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་བ་སོགས་ཀྱི་དགོས་འདུན་གསུམ་བཏོན་ནས་ཞི་བའི་གོམ་བགྲོད་བྱས་བ་ཡིན་པ་འགྲེལ་བརྗོད་གནང་བྱུང་ལ། ཁོང་གིས་འདས་བའི་ལོ་ངོ་གཉིས་དང་ཕྱེད་ཀ་ལྷག་གི་རིང་བདུན་ཕྲག་རེའི་རེས་གཟའ་ལྷག་པ་ཆད་མེད། ༧གོང་ས་མཆོག་གི་བླ་གཟའ་དང་བསྟུན་ཁེ་ཎ་ཊའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་བོད་དོན་ལས་འགུལ་སྤེལ་དང་སྤེལ་བཞིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།