ཨ་རིའི་གྲོས་ཚོགས་གོང་མས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་གཞི་མགྱོགས་པོར་གཏན་འབེབས་བྱེད་འཆར་འདུག

2020-05-08
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Mitch McConnell)་ལགས།
ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Mitch McConnell)་ལགས།
AP

ཨ་རིའི་གྲོས་ཚོགས་གོང་མའི་དབུ་ཁྲིད་ཀྱིས་ཡུ་གུར་གྱི་གནད་དོན་ཐད་རྒྱ་ནག་ལ་ཉེས་ཆད་འགེལ་རྒྱུའི་ཁྲིམས་འཆར་ཐོག་མགྱོགས་མྱུར་འོས་བསྡུ་བྱེད་རྒྱུ་ཡིན་པ་གསུངས་འདུག
ཨ་རིས་ཡུ་གུར་མི་རིགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཁྲིམས་འཆར་གང་མགྱོགས་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་ཐུབ་པའི་རེ་བ་ཡོད་པ་དང་། ཨ་རིའི་སྲིད་འཛིན་ཌོ་ནཱལཌ་ཏྲམཔ་ཡིས་སྲིད་གཞུང་གི་ངོས་ནས་རྒྱ་ནག་གཞུང་གིས་ཡུ་གུར་ཁ་ཆེའི་གྲངས་ཉུང་མི་རིགས་ཐོག་དྲག་གནོན་བྱེད་བཞིན་པར་གདོང་ལེན་གནང་ཕྱོགས་མཁྲེགས་སུ་གཏོང་དགོས་པ་ཨ་རིའི་གྲོས་ཚོགས་གོང་མའི་ཚོགས་གཙོ་(Mitch McConnell)་མཆོག་གིས་ཕྱི་ཟླ་ ༥ ་ཚེས་ ༧ ་ཉིན་གྲོས་ཚོགས་གོང་མའི་ཚོགས་ཁང་དུ་གསུང་བཤད་གནང་སྐབས་གསུངས་འདུག
ཡུ་གུར་ཁ་ཆེའི་ཐོག་རྒྱ་ནག་གཞུང་གིས་དྲག་གནོན་བྱེད་བཞིན་པ་འགོག་ཐབས་ཀྱི་ཁྲིམས་འཆར་དེ། ཨ་རིའི་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་ཚོགས་མི་སྐུ་ཞབས་(Marco Rubio)་མཆོག་གིས་ཕྱི་ལོ་ ༢༠༡༩ ་ལོའི་ནང་ངོ་སྤྲོད་གནང་པ་ཞིག་ཡིན་པ་དང་། དེར་ཨ་རིའི་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ཚོས་རྒྱབ་སྐྱོར་ཡོད་པ་ཞིག་ཡིན་པ་རེད། ཁྲིམས་འཆར་དེའི་ནང་། སྲིད་འཛིན་(Donald Trump)་མཆོག་ལ་ཡུ་གུར་མི་རིགས་ཐོག་དྲག་གནོན་བྱ་མཁན་མི་སྣ་ངོས་བཟུང་གིས་ཁོང་ཚོའི་ཐོག་ཉེས་ཆད་འགེལ་དགོས་པ་འཁོད་ཡོད་འདུག་ཅིང་། འོས་བསྡུ་དེ་གཟའ་འཁོར་རྗེས་མའི་ནང་འབྱུང་སྲིད་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།
ཡུ་གུར་ཁ་ཆེའི་མི་རིགས་ཚོར་རྒྱབ་སྐྱོར་མཚོན་ཆེད་ཁྲིམས་འཆར་འདི་འདྲ་བ་ཞིག་སྔ་ལོ་གྲོས་ཚོགས་འོག་མའི་ནང་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་བྱས་ཡོད་པ་རེད། ད་ཆ་གྲོས་ཚོགས་གོང་མའི་ཚོགས་གཙོ་སྐུ་ཞབས་མིཅ་མེ་ཀོ་ནེལ་ལགས་ཀྱིས་གྲོས་ཚོགས་གོང་མའི་ནང་མགྱོགས་མྱུར་ཁྲིམས་འཆར་གཏན་འབེབས་གནང་འདོད་ཡོད་པ་གསུངས་པ་འདི་ནི་ཏོག་དབྱིབས་ནད་ཡམས་ཀྱི་གནད་དོན་དང་འབྲེལ་ནས། ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་དུས་སྐབས་སུ་བྱུང་བར་མི་ཚོས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་པ་རེད།
ཁྲིམས་འཆར་འདོན་པ་པོ་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཀོ་རུ་སྦི་ཡོ་ (Marco Rubio)་ལགས་ཀྱི་ལས་ཁུངས་ནས་ཁྲིམས་འཆར་འདིར་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ཚོས་སྤྱི་མོས་ཀྱི་རྒྱབ་སྐྱོར་གནང་སྟེ་གང་མགྱོགས་གཏན་འབེབས་འབྱུང་རྒྱུའི་རེ་བ་ཡོད་པ་གསུངས་འདུག འོན་ཀྱང་གྲོས་ཚོགས་གོང་མའི་ཚོགས་གཙོའི་ལས་ཁུངས་ནས་གང་མགྱོགས་ཇི་ཙམ་ཞིག་ལ་གོ་དགོས་མིན་གསལ་ཁ་བཟོས་གནང་མེད་པ་རེད།
ཕྱི་ལོ་ ༢༠༡༩ ་ལོའི་ནང་ཨ་མི་རི་ཀའི་གྲོས་ཚོགས་ནས་རྒྱ་ནག་གཞུང་གིས་དྲག་གནོན་བྱ་ཡུལ་བོད་དང་ཤར་ཏུར་ཀིསི་ཐན། དེ་བཞིན་ཧོང་ཀོང་བཅས་དང་འབྲེལ་བའི་གྲོས་ཆོད་གལ་ཆེ་ཁག་འགའ་ཤས་བཞག་གནང་ཡོད་ཅིང་། དེའི་ཁོངས་ནས་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་བཞི་བརྒྱ་མ་ཟིན་ཙམ་གྱིས་ ༢༠༡༩ ་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་ཡིག་ལ་རྒྱབ་སྐྱོར་གནང་ཡོད། འདི་ནི་ཚད་མཐོའི་རྒྱབ་སྐྱོར་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱས་ཡོད་པ་རེད། ཁྲིམས་འཆར་འདི་དང་གཅིག་མཚུངས་ཤིག་ཨ་རིའི་གྲོས་ཚོགས་གོང་མའི་ནང་འགྲོ་བཞིན་ཡོད་པ་དང་། དབུས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ནས་མགྱོགས་མྱུར་གྲོས་ཚོགས་གོང་མ་ནས་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་གནང་རྒྱུར་རེ་བ་གནང་བཞིན་ཡོད་པ་རེད།
ཕྱི་ལོ་ ༢༠༡༨ ་ལོར་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀས་རྒྱབ་སྐྱོར་གཏན་འབེབས་གནང་བ་དང་། དེར་ཨ་རིའི་སྲིད་འཛིན་གྱི་མཚན་རྟགས་སྐྱོན་རྗེས་བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་ཐོབ་ཐང་གི་ཁྲིམས་འཆར་དེ་ཨ་རིའི་རྒྱལ་ཁབ་ཀྱིས་ལག་བསྟར་དགོས་པའི་ཁྲིམས་ཡིག་ཞིག་ཆགས་ཡོད་པ་རེད།
དེང་སྐབས་ཤིན་ཅིང་ངམ་ཤར་ཏིར་ཀི་སི་ཐན་ནང་རྒྱ་ནག་དམར་ཤོག་ཚོགས་པའི་དྲུང་ཆེ་(Chen Quanguo)་ཡིས། ཡུ་གུར་ཁ་ཆེ་གྲངས་ཉུང་མི་རིགས་ཐོག་དྲག་གནོིན་བྱས་དང་བྱེད་བཞིན་པ་ལྟར། བོད་༢༠༡༡་ནས་ ༢༠༡༦ ་བར་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་བྱས་སྐབས་བོད་ནང་དྲག་གནོན་ཤུགས་ཆེ་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།