རྒྱ་ནག་དམར་ཤོག་གི་ཚོགས་མི་ཡོངས་རྫོགས་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱེད་སྲིད་པ།

2020-07-17
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས། ༢༠༡༩
ཨ་རིའི་སྲིད་འཛིན་དང་རྒྱ་ནག་གི་སྲིད་འཛིན་གཉིས། ༢༠༡༩
AP

ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཚོ་ཨ་རིའི་ནང་ཡོང་རྒྱུར་བཀག་སྡོམ་བྱེད་མིན་ཐད་ཨ་རིའི་སྲིད་གཞུང་གི་དཔོན་རིགས་ནང་ཁུལ་གྲོས་བསྡུར་བྱེད་བཞིན་ཡོད་འདུག
དེང་སྐབས་ཨ་རྒྱ་གཉིས་བར་ཕྱོགས་མང་པོ་ནས་མི་མཐུན་པའི་གནས་སྟངས་ཇེ་ཆེར་འགྲོ་བཞིན་པ་དང་། ཕན་ཚུན་བར་ཉེས་ཆད་རྒོལ་ལན་གྱི་གནས་སྟངས་ཚབས་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཨ་མི་རི་ཀའི་སྲིད་འཛིན་གྱི་ཐད་ཀར་དབང་ཚད་ཁྲིམས་ལུགས་ཀྱི་ཐོག་ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ཚད་དང་། ཁོང་ཚོའི་ནང་མི་བུ་ཕྲུག་བཅས་པ་ཨ་མི་རི་ཀའི་ནང་ཡོང་རྒྱུའི་ཐོངས་མཆན་(Visa)་བཀག་སྡོམ་བྱ་རྒྱུའི་དགོངས་བཞེས་དང་གྲོས་བསྡུར་གནང་གི་ཡོད་པ་མིང་མ་བརྗོད་པའི་ཨ་རིའི་གཞུང་འབྲེལ་དཔོན་རིགས་ཤིག་གིས་བཤད་པ་ལུངས་དྲངས་ནས་(Reuters)་གཙོས་པའི་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་འདུག འོན་ཀྱང་ད་བར་འདི་ནི་རག་ཟིན་གྱི་གནས་སྟངས་འོག་ཡོད་པ་ལས་སྲིད་འཛིན་ཌོ་ནལཌ་ཏྲམཔ་གྱི་གསོལ་ཅོག་སྟེང་སླེབས་མེད་པ་མིང་འབོད་མ་བྱས་པའི་ཨ་རིའི་དཔོན་རིགས་དེས་བརྗོད་འདུག
ཡིན་ན་ཡང་གནས་ཚུལ་འདིས་ཇི་ཙམ་གྱིས་ཨ་མི་རི་ཀ་དང་རྒྱ་ནག་གཉིས་བར་གྱི་འབྲེལ་ལམ་སྡུག་ཏུ་འགྲོ་ཡི་ཡོད་པའི་མཚོན་དོན་ཞིག་ཡིན་པ་དང་། རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་མ་(Hua Chunying)་གིས། གལ་ཏེ་གནས་ཚུལ་དེ་བདེན་པ་ཡིན་པ་དང་ལས་དོན་དེ་འདྲ་དངོས་སུ་ལག་བསྟར་བྱེད་པ་ཡིན་ན། དེ་ནི་སྐྱོ་བ་སྐྱེས་དགོས་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད།
ཨ་མི་རི་ཀ་དང་རྒྱ་ནག་གཉིས་ཀྱི་བར། ཚོང་འབྲེལ་རྩོད་རྙོག་ཅི་ཆེ་ཞིག་ཡོད་པ་དང་། དེའི་ཐོག་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་ཡམས་སྐོར་སྦས་གསང་བྱས་པ། རྒྱ་ནག་གིས་ཧོང་ཀོང་གི་རང་སྐྱོང་གནས་བབས་ལ་དམ་དྲག་བྱས་པ། གཞན་ཡང་བོད་དང་ཤིན་ཅང་བཅས་པའི་ནང་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་དྲག་གནོན་བྱེད་བཞིན་པ་བཅས་ཀྱི་གནད་དོན་དུ་མ་ཞིག་ཐོག་མ་མཐུན་པར་འབྲེལ་ལམ་ལ་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།
ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་རྒྱ་ནག་གི་སྲིད་འཛིན་(Xi Jinping)་ཁོང་གི་སྐུ་སྒེར་གྲོགས་པོ་ཞིག་ཡིན་པ་གསུངས་ཏེ། ཐད་ཀར་མིང་འདོན་གྱིས་སྐྱོན་བརྗོད་གནང་གི་མེད་ཀྱང་། རྒྱ་ནག་དམར་པོའི་སྲིད་དབང་གི་བྱ་ངན་སྤྱོད་ཚུལ་ལ་སྐྱོན་བརྗོད་དང་དགག་པ་ཤུགས་ཆེ་ཞིག་གནང་གི་ཡོད་པ་རེད།
འདི་ལོ་ཕྱི་ཟླ་ ༡༡ ཚེས་ ༣ ཉིན་གཉེར་རྒྱུའི་ཨ་རིའི་སྲིད་འཛིན་འོས་བསྡུ་དང་འབྲེལ། དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་ཇོ་སྦཡི་ཌེན་(Joe Biden)་དང་སྲིད་འཛིན་ཏྲམཔ་(Trump)་གཉིས་ཀའི་ངོས་ནས་མང་ཚོགས་ཁྲོད། རྒྱ་ནག་གི་ཐད་ནད་ཡམས་ཁྱབ་གདལ་བཏང་བའི་འཁོན་འཛིན་གྱི་ཚོར་བ་ཡོད་པ་དང་འབྲེལ། རྒྱ་ནག་ཕྱོགས་སུ་སྲིད་བྱུས་ལངས་ཕྱོགས་མཁྲེགས་པོ་འཛིན་རྒྱུར་འགྲན་རྩོད་ལྟ་བུ་ཡོང་གི་ཡོད་པ་དང་། ད་ཆ་ཨ རིས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་ཚད། ཨ་མི་རི་ཀའི་ནང་ཡོང་རྒྱུ་བཀག་སྡོམ་བྱ་རྒྱུའི་དགོངས་བཞེས་གནང་གི་ཡོད་པ་འདིས་རྒྱ་ནག་གི་མཐོ་རིམ་དཔོན་རིགས་ཙམ་མིན་པར་རྒྱ་ནག་གི་མང་ཚོགས་སྤྱི་ལའང་ཤུགས་རྐྱེན་སྤྲོད་རྒྱུ་ཡིན་པ་གནད་དོན་དབྱེ་ཞིབ་པས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།
འོན་ཀྱང་གནད་དོན་དབྱེ་ཞིབ་པ་གཞན་ཁག་གིས། ཨ་མི་རི་ཀའི་གཞུང་ལ་རྒྱ་རིགས་མང་ཚོགས་ཀྱི་ཁྲོད་དམར་ཤོག་ཚོགས་པའི་ཚོགས་མི་ཡིན་མིན་དབྱེ་འབྱེད་བྱ་རྒྱུར་ཐོ་གཞུང་སོགས་མེད་པའི་སྲིད་བྱུས་དེ་ལས་དོན་ལག་བསྟར་བྱ་རྒྱུར་དཀའ་ངལ་འཕྲད་སྲིད་པ་དགོངས་ཚུལ་གསལ་སྟོན་གནང་གི་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།