བོད་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཨ་རིར་ཡོང་རྒྱུར་དམ་དྲག

2020-07-07
གློག་འཕྲིན།
མཆན།
Share
པར་བཀོད།
བོད་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཨ་རིར་ཡོང་རྒྱུར་དམ་དྲག་བྱ་རྒྱུའི་གསར་འགོད་གསལ་བསྒྲགས་དང་གཡོན་ཕྱོགས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག
བོད་དང་འབྲེལ་ནས་རྒྱ་ནག་གི་དཔོན་རིགས་ཨ་རིར་ཡོང་རྒྱུར་དམ་དྲག་བྱ་རྒྱུའི་གསར་འགོད་གསལ་བསྒྲགས་དང་གཡོན་ཕྱོགས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག
བཟོ་སྒྲིག

ཨ་མི་རི་ཀ་དང་རྒྱ་ནག་དབར་གྱི་རྩོད་རྙོག་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡེཀ་པོམ་པེའོ་མཆོག་གིས།  ཕྱི་ལོ་ ༢༠༡༨ ལོར་གཏན་འབེབས་བྱས་པའི་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་ཡིག་གཞིར་བཟུང་། རྒྱ་ནག་གཞུང་དང་དམར་ཤོག་ཚོགས་པའི་དཔོན་རིགས་ཨ་རིའི་ནང་ཡོང་རྒྱུར་ཐོངས་མཆན་ཝི་སའི་ཐད་དམ་དྲག་བྱེད་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་གྱི་ཉིན་གཅིག་གི་རྗེས་ཕྱི་ཟླ་ ༧ ཚེས་ ༧ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་མཚན་ཐོག་ནས་ཡོངས་ཁྱབ་གནང་པའི་གསལ་བསྒྲགས་དེའི་ནང་། ཨ་མི་རི་ཀའི་ངོས་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཨ་རིའི་མི་སེར་ཐོག་དྲང་བདེན་དང་ཕྱི་གསལ་ནང་གསལ། བྱེད་ཕྱོགས་འདྲ་མཚུངས་ལག་བསྟར་དགོས་པར་ཡིད་ཆེས་བྱེད་ཀྱི་ཡོད། དམིགས་ཡུལ་དེ་མདུན་བསྐྱོད་ཡོང་ཐབས་སུ་འབད་བརྩོན་ཡང་བྱས་ཡོད་ཅེས་དང་། སྟབས་མ་ལེགས་པ་ཞིག་ལ་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཐེ་བའི་བོད་མིའི་ས་ཁུལ་གཞན་ཁག་གི་ནང་ཨ་རིའི་ཕྱི་འབྲེལ་མི་སྣ་དང་ལས་བྱེད་པ། གསར་འགོད་པ་དང་ཡུལ་བསྐོར་སྤྲོ་འཆམ་པ་སོགས་བསྐྱོད་རྒྱུར་འཆར་གཞི་ལྡན་པའི་ཐོག་ནས་འགོག་རྐྱེན་བཟོ་བཞིན་ཡོད་པ་གསལ་བཏོན་གནང་ཞིང་། འོན་ཀྱང་རྒྱ་ནག་གཞུང་གི་ལས་བྱེད་པ་དང་དེ་མིན་རྒྱ་མིའི་མི་སེར་ཨ་རིའི་ནང་ཡོང་རྒྱུར་ཚད་གཞི་མཐོ་བའི་ཐོབ་ཐང་ལོངས་སུ་སྤྱོད་བཞིན་ཡོད་པ་གསུངས་ཡོད་པ་རེད།  དེར་བརྟེན་ཨ་རིའི་ཕྱི་སྲིད་དྲུང་ཆེའི་ངོས་ནས་ ༢༠༡༨ ལོའི་བོད་ནང་ཕར་འགྲོ་ཚུར་འོང་གི་འདྲ་མཉམ་ཁྲིམས་ཡིག་གི་འབྲུ་དོན་གཞིར་བཟུང་བོད་ཀྱི་ས་ཁུལ་ཁག་ནང་ཕྱི་རྒྱལ་མི་རིགས་འགྲོ་བསྐྱོད་བཀག་འགོག་གི་སྲིད་ཇུས་བཟོ་མཁན་དང་ལག་བསྟར་བྱེད་མཁན་གྱི་རྒྱ་ནག་གཞུང་གི་དཔོན་རིགས་ཨ་རིར་ཡོང་རྒྱུའི་ཐོངས་མཆན་ཝི་ས་ཐོག་དམ་དྲག་བྱེད་རྒྱུའི་གསལ་བསྒྲགས་འདི་གནང་པ་ཞིག་ཡིན་པ་གསུངས་ཡོད་པ་རེད།

ལྷག་པར་དུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་པོམ་པེའོ་མཆོག་གི་གསལ་བསྒྲགས་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་དང་། དེ་བཞིན་རྒྱ་ནག་གིས་ཨེ་ཤེ་ཡའི་ནང་རྒྱུགས་བཞིན་པའི་གཙང་པོ་ཆེ་ཁག་ཆུ་འགོ་གནས་སའི་བོད་ཀྱི་ཁོར་ཡུག་ཉམས་ཆགས་འགྲོ་བཞིན་པར་བཀག་འགོག་མི་བྱེད་པ་སོགས་ཀྱི་གནད་དོན་ལ་གཞིགས་ནས་བོད་དུ་འགྲོ་བསྐྱོད་ཆོག་པ་དགོས་རྒྱུ་ནི་མངའ་ཁུལ་བདེ་འཇགས་ཀྱི་འགག་རྩའི་རང་བཞིན་ཅན་ཞིག་ཡིན་པ་གསུངས་འདུག

ད་དུང་ཨ་རིའི་ཕྱི་སྲིད་དྲུང་ཆེས་གསལ་བསྒྲགས་དེའི་ནང་། ཨ་རིའི་གཞུང་གི་ངོས་ནས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་ལ་འགྱུར་མེད་ཀྱི་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་པར་མ་ཟད། བོད་མིའི་གཞི་རྩ་དང་ལྷན་སྐྱེས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་གུས་བརྩི་དང་བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་ཀྱི་ངོ་བོ་སྲུང་སྐྱོབ་བཅས་ལ་ཆོད་སེམས་བརྟན་པོས་རྒྱབ་སྐྱོར་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

རྒྱ་ནག་དང་ཨ་རིའི་དབར་གྱི་འབྲེལ་ལམ་ནི་ཧ་ཅང་རྙོག་རྫིང་ཆེ་བའི་གནས་སྟངས་ཤིག་གི་ཐོག་བསྐྱོད་བཞིན་པ་དང་། དེ་ཡང་རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་ཁྱབ་གདལ་གྱི་གནས་ཚུལ་ངོ་མ་ཕྱི་གསལ་ནང་གསལ་མ་བྱས་པ་དང་། ཨ་རིའི་རིན་ཐང་ཆེ་བའི་རིག་རྩལ་རྐུ་འཁྱེར་བྱེད་པ། དྲང་བདེན་མིན་པའི་ཚོང་ལས་སྤེལ་བ། ཨེ་ཤེ་ཡའི་རྒྱ་མཚོའི་ནང་དམག་དོན་རྒྱ་སྐྱེད་བྱེད་བཞིན་པ་སོགས་གནད་དོན་མང་དག་ཅིག་གི་ཐོག་འཁོན་རྩོད་འབྱུང་བཞིན་ཡོད་པ་རེད།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད་པའི་བོད་མིའི་སྤྱི་ཚོགས་དང་དེ་བཞིན་ཕྱི་ཕྱོགས་སུ་ཡོད་པའི་བོད་མིའི་སྤྱི་ཚོགས་ལ་ཨ་མི་རི་ཀའི་གཞུང་གི་ངོས་ནས་རྒྱུན་ཁྱོངས་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་དང་། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་རོགས་སྐྱོར་གྱི་ལས་གཞི་ཁག་མུ་མཐུད་སྤེལ་རྒྱུ་ཡིན་ཞེས་གསུངས་འདུག་ལ།  ཕན་ཚུན་འདྲ་མཉམ་དགོས་པའི་དམིགས་ཡུལ་གཞི་རྩར་བཅང་ཐོག་ཨ་རིའི་མི་སེར་ཚོ་བོད་རང་སྐྱོང་ལྗོངས་ཐེ་བས་བོད་ཀྱི་ས་ཁུལ་ཁག་ནང་འགྲོ་བསྐྱོད་ཡོང་བ་དགོས་རྒྱུར་ཨ་རིའི་གཞུང་གི་འཛིན་སྐྱོང་ཚན་པའི་ངོས་ནས་ཨ་རིའི་གྲོས་ཚོགས་དང་མཉམ་འབྲེལ་གྱི་ལས་དོན་སྤེལ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།

ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་གཏན་གཞི་བྱེད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེའི་གསལ་བསྒྲགས་འདིར་དགའ་བསུ་ཞུས་ཤིང་།  བོད་དོན་ཞུ་གཏུག་གི་ཚོགས་པ་དེའི་གཙོ་འཛིན་མ་ཏེའོ་མ་ཀ་ཆི་ལགས་ཀྱིས་འདི་ནི་ཨ་མི་རི་ཀས་རྒྱ་ནག་གཞུང་ལ་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བ་དང་།  བོད་འཛམ་གླིང་གི་ཆ་ཤས་ནས་ཟུར་འབུད་བཞག་པ་ཡིན་ན་མཇུག་འབྲས་ངན་པ་ཡོད་པའི་བརྡ་ལན་གསལ་སྤྲོད་བྱས་པ་ཞིག་རེད་ཅེས་དང་།  དེ་དང་དུས་མཉམ་རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཡིན་པའི་བོད་མི་ཚོ་བོད་ནང་རང་གི་སྤུན་ཉེ་དང་ནང་མི་ཐུག་འཕྲད་ཆེད་སོ་སོའི་མེས་པོའི་ཕ་ཡུལ་དུ་འགྲོ་བསྐྱོད་མི་བཅུག་པའི་དབྱེ་འབྱེད་དམ་དྲག་བྱེད་པ་དེར་ངོས་ལེན་བྱེད་རྒྱུ་མིན་པ་ཨ་རིའི་གཞུང་གིས་ཨ་རིའི་མི་མང་ལ་བརྡ་ལན་སྤྲད་པ་མཚོན་པ་ཞིག་ཡིན་པ་གསུངས་འདུག

བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་གྱི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀ་ནས་ཚད་མཐོའི་རྒྱབ་སྐྱོར་བྱུང་རྗེས། ཨ་མི་རི་ཀའི་སྲིད་འཛིན་ཌོ་ནལཌ་ཏྲམཔ་མཆོག་གིས་ ༢༠༡༨ ཕྱི་ཟླ་ ༡༢ ཚེས་ ༡༩ ཉིན་མཚན་རྟགས་བཀོད་ནས་ཨ་མི་རི་ཀའི་གཞུང་གི་ལག་བསྟར་ཁྲིམས་ཡིག་ཆགས་ཡོད་པ་རེད། ཁྲིམས་ཡིག་གི་འབྲུ་དོན་གཞིར་བཟུང་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཁྲིམས་ཡིག་གི་འབྲུ་དོན་ནང་གསལ་བའི་ལག་བསྟར་བྱེད་དགོས་ཁག་ལ་ལས་དོན་ཇི་སྤེལ་ཨ་རིའི་གྲོས་ཚོགས་སུ་ལོ་ལྟར་ལས་དོན་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།