ཨ་རིའི་མི་སེར་བོད་ནང་བསྐྱོད་རྒྱུར་དམ་དྲག་བྱས་མཁན་རྒྱ་མིའི་དཔོན་རིགས་ཚོ་ཨ་རི་ནང་ཡོང་རྒྱུར་བཀག་སྡོམ་དབུ་འཛུགས་གནང་བ།

2020-08-08
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡིཀ་ པོམ་པེཡོ་(Mike Pompeo) མཆོག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡིཀ་ པོམ་པེཡོ་(Mike Pompeo) མཆོག
ཨེ་ཨེཕ་པི།

ཨ་མི་རི་ཀ་དང་རྒྱ་ནག་དབར་འབྲེལ་ལམ་ཇེ་སྡུག་ཏུ་འགྲོ་བཞིན་པའི་སྐབས་འདིར། ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པའི་ཁྲིམས་གཞི་ལག་བསྟར་འགོ་འཛུཌ་གནང་ཡོད་པའི་རྣམ་པར། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཡིཀ་ པོམ་པེཡོ་(Mike Pompeo) མཆོག་གིས། འདི་ཚེས་༧ཉིན་གསལ་བསྒྲགས་ཤིག་སྤེལ་བའི་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་ཁྲིམས་འཆར་གྱི་དགོངས་དོན་བཞིན། ཨ་མི་རི་ཀའི་མི་སེར་བོད་ནང་བསྐྱོད་རྒྱུར་དམ་དྲག་བྱེད་མཁན་འབྲེལ་ཡོད་རྒྱ་ནག་དམར་པོའི་དཔོན་རིཌ་ཚོ་ཨ་མི་རི་ཀའི་ནང་བསྐྱོད་རྒྱུའི་མཐོང་མཆན་གནང་རྒྱུར་དམ་དྲག་གནང་གི་ཡོད་སྐོར་གསུངས་གནང་འདུག
ཨ་མི་རི་ཀའི་ངོས་ནས་རྒྱ་ནག་གི་དཔོན་རིགས་ཚོ་རང་དབང་ཐོག་ནས་ཨ་རིའི་ནང་ཡོང་ཆོག་པ་བཞིན། ཨ་མི་རི་ཀའི་མི་སེར་ཀྱང་བོད་ནང་ཕར་འགྲོ་ཚུར་འོང་གི་ཐོབ་ཐང་འདྲ་མཉམ་ཁྲིམས་གཞིའི་འོག་ཕྱི་གསལ་ནང་གསལ་ཡོང་བའི་ཆེད་ཐབས་ཤེས་མང་པོ་གནང་ཡོད་ཀྱང་། རྒྱ་ནག་གིས་བོད་རང་སྐྱོང་ལྗོངས་ནང་འགྲིམས་འགྲུལ་དམ་དྲག་བྱས་ཏེ། བོད་ཀྱི་ས་ཁུལ་ནང་ཨ་མི་རི་ཀའི་གཞུང་ཚབ་གཙོས་པའི་ལས་བྱེད་པ་དང་གསར་འགོད་པ་དང་ཡུལ་སྐོར་སྤྲོ་འཆམ་པ་བཏང་གི་མེད་པ་རེད།
གསལ་བསྒྲགས་དེའི་སྐོར་འདི་གར་ཨ་མི་རི་ཀའི་རྒྱལ་སར་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་གྱི་ཚོགས་གཙོ་ མྭ་ཏིའོ་མེ་ཀ་ཅི་(Matteo་Mecacci)ལཌ་ཀྱིས། བོད་ནང་ཕར་འགྲོ་ཚུར་འདྲ་མཉམ་ལ་དམ་དྲག་བྱེད་མཁན་རྒྱ་ནག་གི་དཔོན་རིཌ་ཚོར་ཨ་མི་རི་ཀས་དམ་དྲག་གནང་བཞིན་པ་དེས། རྒྱ་ནག་ལ་བརྡ་ལན་གསལ་པོ་ཞིག་འཕྲོད་ཡོད་མ་ཟད་རྒྱ་ནག་གི་དྲག་གནོན་འོག་ཚུད་པའི་རྒྱ་མི་རིཌ་དང་བྱེ་བྲག་ཏུ་ཨ་མི་རི་ཀའི་ནང་གཏན་སྡོད་མི་སེར་བོད་མི་སྟོང་ཕྲག་མང་པོ་ཡོད་པ་དེ་དག་ལའང་གདུང་སེམས་མཉམ་བསྐྱེད་ཡོད་པ་མཚོན་གྱི་ཡོད་ཅེས་གསུངས་གནང་འདུག
འདི་ག་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱིས་ཨ་རིའི་ཕྱི་སྲིད་ལྷན་ཁང་ལ་བོད་དང་འབྲེལ་བའི་སྐོར་ཡིག་ཐོག་དྲི་བ་ཕུལ་བར་མགྲིན་ཚབ་པས་ཡིག་ཐོག་བཀའ་ལན་གནང་བའི་ནང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོར་འཁོན་ལན་གྱི་འཇིགས་སྣང་སོགས་གང་ཡང་མེད་པའི་ཐོག་ནས་སོ་སོའི་དཀའ་སྡུག་རང་དབང་དང་སྦ་གསང་མེད་པ་དང་ཞི་བའི་སྒོ་ནས་གསལ་བརྗོད་བྱེད་དུ་འཇུགས་དགོས་པ་རྒྱ་ནག་ལ་ནན་བརྗོད་གནང་རྒྱུ་ཡིན་པ་གསུངས་འདུག་ལ། ཨ་མི་རི་ཀའི་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་ལ་ཡང་གསལ་བཤད་གནང་ཟིན་པ་ལྟར། ད་རེས་ཀྱང་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་མཚན་ཐོག་ནས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཞུ་ཕྱོགས་ཐད་རྒྱ་ནག་གཞུང་གི་ཐེ་བྱུས་བྱེད་ན་འགྲིག་མིན་དང་བོད་མི་ཚོར་རང་གི་བླ་མ་ངོས་འཛིན་བྱེད་པའི་ཆོས་ལུགས་ཀྱི་ཐོབ་ཐང་དགོས་ངེས་ཡིན་པའི་སྐོར་གསུངས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།