ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་བོད་ནང་གཟིགས་སྐོར་ཆེད་རྒྱ་ནག་གཞུང་ལ་རེ་སྐུལ་ཐེངས་གསུམ་ཞུས་འདུག

2020-09-30
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་སྐབས་ཀྱི་པར། ༥།༢༢།༢༠༡༩
ཨ་མི་རི་ཀའི་གཞུང་ཚབ་ཆེན་མོ་མཆོག་གིས་བོད་ཀྱི་རྒྱལ་ས་ལྷ་སར་གཟིགས་སྐོར་གནང་སྐབས་ཀྱི་པར། ༥།༢༢།༢༠༡༩
AP

རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨ་མི་རི་ཀའི་གཞུང་ཚབ་ཆེན་མོས་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུར་རྒྱ་ནག་གཞུང་ལ་རེ་སྐུལ་ཐེངས་གསུམ་ཞུ་དགོས་བྱུང་བ་དང་རྗེས་སུ་གཟིགས་སྐོར་སྐབས་མྱོང་ཚོར་སྣ་ཚོགས་བྱུང་བ་བརྗོད་འདུག
རྒྱ་ནག་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཆེན་མོ་སྐུ་ཞབས་(Terry Branstad)་ལགས་སྔ་ལོའི་ཕྱི་ཟླ་༥ནང་བོད་དུ་གཟིགས་སྐོར་མ་གནང་གོང་། བོད་ནང་བསྐྱོད་རྒྱུའི་ཐད་རྒྱ་ནག་གཞུང་ལ་ཐེངས་གསུམ་རེ་སྐུལ་ཞུས་ཀྱང་དེ་དག་ལ་དྭང་ལེན་མ་བྱས་པའི་ཐད་ཐུགས་བློ་མ་ཁེངས་པའི་རྣམ་པའི་ཐོག་ནས་རྒྱ་ནག་ལ་སྐྱོན་བརྗོད་གནང་བ་དང་མཉམ། རྗེས་སུ་བོད་ནང་བསྐྱོད་པའི་སྐབས་ཐེངས་གཅིག་རིང་ས་གནས་ཀྱི་སློབ་ཕྲུག་དང་དགེ་རྒན་ཁག་ཅིག་ལ་ཐུག་ནས་བཀའ་མོལ་བྱུང་བ་ལས་དེ་མིན་ས་གནས་གཞན་ཁག་ཏུ་མྱོང་ཚོར་མི་འདྲ་བ་སྣ་ཚོགས་བྱུང་ཞེས་ཁོང་རྒྱ་ནག་ནས་ཨ་མི་རི་ཀར་ཕྱིར་ཕེབས་མ་གནང་གོང་ཕྱི་ཟླ་༩ཚེས་༢༩ཉིན་ཨེ་པི་གསར་སྤེལ་ཁང་གི་བཅར་འདྲིའི་སྐབས་གཟིགས་སྐོར་དེ་ཡང་ཅུང་གུ་དྭོགས་པོ་བྱུང་བའི་རྣམ་པ་བསྟན་འདུག
སྐུ་ཞབས་(Terry Branstad)་ནི་དེ་སྔ་ཨ་རིའི་(Iowa)་མངའ་སྡེའི་སྲིད་སྐྱོང་མི་ལོ་༢༠་ལྷག་རིང་གནང་ཡོད་པ་དང་། སྤྱི་ལོ་༢༠༡༧ལོར་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་རྗེས། གཞུང་ཚབ་ཆེན་མོ་སྐུ་ཞབས་(Terry Branstad)་ལགས་ཀྱིས་སྣེ་ཁྲིད་པའི་གཟིགས་སྐོར་སྐུ་ཚབ་ཚོགས་པ་ཞིག་མཚོ་སྔོན་དང་། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་པའི་བོད་ནང་གི་ས་ཁུལ་ཁག་ཏུ་༢༠༡༩ཕྱི་ཟླ་༥ ཚེས་ ༡༨ ནས་ ༢༥ བར་འཚམས་གཟིགས་གནང་ཡོད་པ་དང་། ཁོང་བོད་ནས་རྒྱ་ནག་ཏུ་ཕྱིར་ལོག་གནང་རྗེས་འཚམས་གཟིགས་དང་འབྲེལ་བའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་ཡོད་པ་དེའི་ནང་། རྒྱ་ནག་གཞུང་གིས་བོད་དང་རྒྱ་ནག་དབར་གྱི་མི་མཐུན་པའི་གནད་དོན་ཁག་སེལ་ཆེད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་བར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་གནང་དགོས་པའི་སྐུལ་མ་གནང་ཡོད་པ་རེད། རྒྱ་ནག་གཞུང་གིས་འདི་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་བྱུས་བྱས་པ་ཞིག་ཡིན་པའི་སྐྱོན་བརྗོད་བྱས་ཡོད་པ་རེད།
རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོ་བོད་དུ་འཚམས་གཟིགས་སུ་ཕེབས་པ་འདི་ནི། ༢༠༡༨་ལོར་ཨ་རིའི་གཞུང་གིས་བོད་ནང་ཕར་འགྲོ་ཚུར་འོང་གི་གྲོས་འཆར་ཁྲིམས་གཞི་གཏན་འབེབས་གནང་རྗེས་ཨ་རིའི་དཔོན་རིགས་བོད་དུ་ཕེབས་མཁན་ཐོག་མ་དེ་ཆགས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།