རྒྱ་ནག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོཊ་ནང་བཅུག་པར་སྐྱོན་བརྗོད་མང་པོ་ཡོང་བཞིན་འདུག

2020-04-07
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་དགེ་འདུན་པ་དང་བོད་མི་མང་པོ་འཛིན་བཟུང་། ༼ཟླ་ཚེས་མི་གསལ
བོད་ནང་དགེ་འདུན་པ་དང་བོད་མི་མང་པོ་འཛིན་བཟུང་། ༼ཟླ་ཚེས་མི་གསལ
FT/AFP

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ནང་རྒྱ་ནག་བཅུག་པར་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་ཀྱིས་རྒོལ་གཏམ་སྤེལ་འདུག
ཉེ་ལམ་ཟླ་༤་བའི་ཚེས་ ༡ ་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་དུ། རྒྱ་ནག་ཨེ་ཤེ་ཡའི་ཞི་བདེ་རྒྱ་མཚོའི་ཁུལ་གྱི་འཐུས་མིར་བསྐོས་ཡོད་པ་དང་། དེར་འགྲོ་བ་མིའི་ཐོབ་ཐང་ཐད་དོན་གཉེར་གནང་མཁན་ཚོགས་སྡེ་དང་མི་སྒེར་མང་པོས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཙང་མ་མ་ཆགས་བར་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ལས་དོན་ནང་ཞུགས་རྒྱུའི་ཐོབ་ཐང་མེད་པ་སོགས་མི་འདོད་པའི་རྒོལ་གཏམ་སྤེལ་བ་དང་སྐྱོན་བརྗོད་བྱེད་བཞིན་པ་རེད།
དེའི་ཐད་བོད་མིའི་སྒྲིག་འཛུགས་ཀྱིས། རྒྱ་ནག་དམར་པོའི་སྲིད་གཞུང་ལ་མཚོན་ན་འཛམ་གླིང་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གཙོ་བོ་ཞིག་ཡིན་པ་ཨ་རི་གཙོས་རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚན་པ་མང་པོས་གསལ་སྟོན་བྱས་ཡོད་བཞིན་དུ། སྤྱང་ཁྱི་ལུག་རྫིར་བསྐོས་པ་ནི་མ་འོས་བ་ཞིག་དང་། ད་རེས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱེད་སྟངས་དེ་ལ་བརྟེན་ནས་མ་འོངས་རྒྱལ་སྤྱིའི་ཁྱོན་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་ཉེན་ཚབས་བཟོས་བ་ཡིན་པའི་སེམས་ཚབས་ཡོད་པ་དང་སྐྱོན་བརྗོད་བྱས་འདུག
ཡང་ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འདི་ཚེས་༦་ཉིན་རྒོལ་གཏམ་སྤེལ་ནས། རྒྱ་ནག་ནི་འཛམ་གླིང་ནང་འགྲོ་བ་མིའི་ཐོང་ཐང་མེད་མཁན་རྒྱལ་ཁབ་སྡུག་ཤོས་གྲས་ཡིན་པ་དང་། བོད་དང་ཤར་ཏུར་ཀི་སུ་ཐན་ནང་དྲག་གནོན་མུ་མཐུད་ནས་བྱེད་བཞིན་པ། བོད་ས་ཡོངས་སུ་རྫོགས་པ་བཙན་བཟུང་བྱས་ཐོག་བོད་ནང་གི་བོད་མི་ཚོར་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཙམ་ཡང་མེད་པར་དྲག་གནོན་བཀག་སྡོམ་བྱེད་བཞིན་པ་དང་། ཐ་ན་ད་དུང་ཡང་བཙན་བྱོལ་དུ་བཞུགས་ཡོད་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ལ་མཇལ་བ་དང་གསུངས་ཉན་པ་ཙམ་གྱིས་འཛིན་བཟུང་བཙོན་འཇུག་བྱེད་བཞིན་པའི་རྒྱ་ནག་ད་རེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ནང་བཅུག་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་སྒྲིག་སྲོལ་ཡག་པོར་ཕུ་རྒྱབ་པ་གཅིག་མཚུངས་ཡིན་པའི་སྐྱོན་བརྗོད་དང་སེམས་འཚབ་ཡོད་པ་བསྟན་འདུག
གཞན་ཨ་རིར་ཡོད་པའི་རྒྱལ་ཚོགས་ལྟ་ཞིབ་ཁང་གི་འགན་འཛིན་(Hillel Neuer)་ལགས་ཀྱིས། དྲག་གནོན་དང་མི་སྤྱོད་ལས་འདས་པའི་སྲིད་ཇུས་ལག་བསྟར་བྱེད་མཁན་རྒྱ་ནག་གཞུང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལས་དོན་ལྷན་ཚོགས་ཀྱི་གྲོས་མོལ་ཚོགས་ཆུང་ནང་བཅུག་པ་ནི། ཡོད་ཚད་མེར་སྲེག་གཏོང་འདོད་ཡོད་མཁན་ཞིག་མེ་གསོད་རུ་ཁག་གི་འགོ་ཁྲིད་དུ་བསྐོ་བཞག་བྱས་བ་དང་གཅིག་མཚུངས་ཡིན་པ་སོགས་སྐྱོན་བརྗོད་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།