རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་བོད་ནང་ཕེབས་རྒྱུའི་འབོད་སྐུལ།

2020-03-02
གློག་འཕྲིན།
མཆན།
Share
པར་བཀོད།
སྲིད་སྐྱོང་མཆོག་གིས་ནེའུ་ཡོག་ཏུ་བོད་གཏམ་བཤད་གནང་བཞིན་པ། ༢༠༢༠།༢།༢༩
སྲིད་སྐྱོང་མཆོག་གིས་ནེའུ་ཡོག་ཏུ་བོད་གཏམ་བཤད་གནང་བཞིན་པ། ༢༠༢༠།༢།༢༩
ཆོས་འཕེལ།/RFA

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་བོད་ནང་གཟིགས་སྐོར་དུ་ཕེབས་དགོས་པ་སྲིད་སྐྱོང་མཆོག་དང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་འབོད་སྐུལ་གནང་འདུག
རྒྱ་ནག་གཞུང་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་མཆོག་རྒྱ་ནག་ལ་ཕེབས་རྒྱུའི་མགྲོན་བརྡ་ཕུལ་བ་ལྟར། ཁོ་མོས་རིང་མིན་ཕེབས་རྒྱུའི་ཐུགས་འདོད་ཡོད་ལ་རྒྱ་ནག་ནང་ཡུ་གུར་གཙོ་བོར་གྱུར་བའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་གནང་རྒྱུ་ཡིན་ལུགས་གསུངས་ཡོད་པ་བཅས་ལ་བརྟེན། ཚེས་༢་ཉིན་སྲིད་སྐྱོང་མཆོག་གིས་ཁོང་བོད་ནང་ལའང་ཕེབས་དགོས་པའི་འབོད་སྐུལ་ཞུས་གནང་འདུག འབོད་སྐུལ་དེའི་ནང་། ད་རེས་སྐུ་ཉིད་འཚམས་གཟིགས་ཕེབས་རྒྱུའི་ཐུགས་འདོད་གནང་བ་དེ་ནི་ཧ་ཅང་གི་ཡག་པོ་རེད་ལ་དུས་ལའང་བབས་ཡོད། འོན་ཀྱང་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྟོག་ཞིབ་གནང་རྒྱུར་བོད་ནང་གི་གནས་སྟངས་དངོས་སུ་གཟིགས་ཞིབ་མ་ཐུབ་པ་ཡིན་ན་ཕྱོགས་ཡོངས་ཀྱི་གནས་སྟངས་གསལ་པོ་ཞིག་དང་ཆ་ཚང་བ་ཞིག་མཁྱེན་ཐུབ་ཀྱི་མ་རེད་ཅེས་གསུངས་ཏེ། བོད་ནང་འདས་པའི་ཕྱི་ལོ་༢༠༠༩་ལོ་ནས་བཟུང་། བོད་མི་མང་པོས་སྐུ་ལུས་མེར་སྲེག་བཏང་བའི་གནས་སྟངས་རྣམས་གསལ་པོ་ཞུས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་དོན་ཐོག་ཐུགས་ཁུར་ཆེ་ཙམ་དང་། ལྷག་པར་དུ་ད་རེས་རྒྱ་ནག་ལ་ཕེབས་པའི་སྐབས་བོད་ནང་གི་དངོས་ཡོད་གནས་སྟངས་གཟིགས་ཞིབ་གནང་དགོས་ལུགས་ཞུས་ཡོད་པ་རེད།
དེ་བཞིན་ཡང་སྤྱི་ཟླ་༢་བའི་ཚེས་༢༧་ཉིན། ཨ་རིའི་རྒྱལ་སར་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་གསལ་བསྒྲགས་སྤེལ་ནས། རྒྱ་ནག་གཞུང་གིས་ད་བར་རྒྱལ་ཚོགས་དང་གཞན་ཡང་ཕྱི་རྒྱལ་གྱི་དཔོན་རིགས་ཁག བཙན་བཟུང་བྱས་པའི་བོད་ཀྱི་ས་ཁུལ་ནང་གནས་སྟངས་རྟོགས་ཞིབ་ཆེད་མ་བཏང་བར་བཀག་སྡོམ་བྱེད་བཞིན་ཡོད་པ་དང་། ད་ཐེངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་མཆོག་རྒྱ་ནག་ནང་ཕེབས་པ་དང་བསྟུན་སྐབས་དེར་བོད་ཀྱི་ས་ཁུལ་དུ་འང་གཟིགས་སྐོར་གྱིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ལ་གཟིགས་ཞིབ་གནང་དགོས་པའི་རེ་འདུན་བཏོན་འདུག འདས་པའི་ལོ་ངོ་༢༢་གོང་སྐབས་དེའི་སྤྱི་ཁྱབ་ལྕམ་(Mary Robinson)་ མཆོག་བོད་ནང་ཕེབས་ཡོད་པ་དང་། དེ་ནས་འདས་པའི་ལོ་ངོ་མང་པོའི་ནང་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་རུ་ཕྱིན་ཡོད་པས། ཕྱི་རྒྱལ་གསར་འགོད་པ་ཚོས། བོད་ལ་འགྲིམ་འགྲུལ་དམ་དྲག་ནི་བྱང་ཀོ་རི་ཀའི་ནང་འགྲིམ་འགྲུལ་བྱ་རྒྱུ་ལས་དཀའ་ངལ་ཆེ་བ་ཞིག་ཏུ་ངོས་འཛིན་བྱེད་པའི་གནས་སྟངས་ཞིག་ཡིན་པ་བཀོད་ཡོད་པ་རེད།
རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་རྒྱལ་ཚོགས་ཀྱི་འབྲེལ་འཐུད་འགན་འཁུར་བ་(Kai Mueller)་ཡིས། ད་ཐེངས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་སྤྱི་ཁྱབ་ལྕམ་(Michelle Bachelet)་མཆོག་རྒྱ་ནག་ནང་གཟིགས་སྐོར་སྐབས་བོད་ནང་ལའང་གཟིགས་སྐོར་དུ་ཕེབས་དགོས་པ་དང་། རྒྱ་ནག་གཞུང་གི་འགོ་ཁྲིད་ཚོ་དང་མཉམ་གྲོས་མོལ་དང་། རྒྱ་ནག་གཞུང་གིས་བཙོན་འཇུག་བྱས་པའི་བོད་རིགས་ཆབ་སྲིད་བཙོན་པ་བཀྲིས་དབང་ཕྱུག་ལགས་སོགས་གློད་འགྲོལ་གཏོང་དགོས་པའི་གནད་དོན་སྐོར་བཀའ་མོལ་གནང་དགོས་པའི་འབོད་སྐུལ་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།