བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་བདེ་སྐྱིད་གླིང་ལ་ཚོགས་རྒྱུ་རེད།

2018-08-02
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༩་པ་བདེ་སྐྱིད་གླིང་ལ་ཚོགས་རྒྱུར་གྲ་སྒྲིག་སྐབས། ༢༠༡༨།༨།༡
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༩་པ་བདེ་སྐྱིད་གླིང་ལ་ཚོགས་རྒྱུར་གྲ་སྒྲིག་སྐབས། ༢༠༡༨།༨།༡
བློ་བཟང་།/RFA

བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༩པ་དེ་རྒྱ་གར་བྱང་ཕྱོགས་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་ཕྱི་ཟླ་༨ཚེས་༦ནས་༡༠བར་ཉིན་གྲངས་ལྔའི་རིང་ཚོགས་གཏན་འཁེལ་བ་བཞིན་བདེ་སྐྱིད་གླིང་ས་གནས་གཞོན་ནུའི་ངོས་ནས་ཚོགས་འདུའི་གྲ་སྒྲིག་འཐུས་གཙང་ཟིན་པའི་གནས་ཚུལ་འདུག
དེ་ཡང་རྒྱ་གར་བྱང་ཕྱོགས་ཌེ་ར་རྡུན་ནས་འདི་གའི་གསར་འགོད་པ་བློ་བཟང་ལགས་ཀྱིས་གནས་ཚུལ་མཁོ་གཏོང་གནང་བར་གཞིགས་ན། ཐེངས་འདིའི་འགན་འཛིན་ལྷན་ཚོགས་སྐབས་ ཚོགས་བཅར་བ་རྣམས་ཀྱི་བཞུགས་གནས་དང་། ཞལ་ལག་སོགས་འགྲོ་སོང་ཆ་ཚང་ས་གནས་བདེ་སྐྱིད་གླིང་གཞོན་ནུའི་ངོས་ནས་གྲ་སྒྲིག་ཞུ་དགོས་པ་ལྟར། དལྟའི་ཆར་གྲ་སྒྲིག་ཆ་ཚང་སྒྲུབ་ཟིན་ལུགས་བདེ་སྐྱིད་གླིང་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ཐེངས་༤༩པའི་ཐོག་ས་གནས་ཁག་༣༧ཙམ་ནས་ཚོགས་བཅར་བ་བརྒྱ་ལྷག་ཕེབས་རྒྱུའི་ཚོད་དཔག་གནང་གི་ཡོད་པ་དང་། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཀྱི་སྐུ་མགྲོན་གཙོ་བོར་བཀའ་ཟུར་རྒྱ་རི་སྒྲོལ་མ་མཆོག་ཕེབས་གཏན་འཁེལ་བ་དང་། དེ་བཞིན་ཌེ་ར་རྡུན་ས་གནས་ཀྱི་གནས་ཡོད་མི་སྣ་ཁག་ཅིག་གི་གཙོས་སྐུ་མགྲོན་མང་པོ་ཞིག་གདན་ཞུས་ལྟར་ཕེབས་རྒྱུའི་ཞལ་བཞེས་ཀྱང་ཐོབ་ཀྱང་ཡོད་ལུགས་ བདེ་སྐྱིད་གླིང་ས་གནས་གཞོན་ནུའི་ཚོགས་གཙོ་ཚེ་རིང་མཐར་ཕྱིན་ལགས་ཀྱིས་འགྲེལ་བརྗོད་གནང་འདུག
སྤྱིར་བཏང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་ས་གནས་གང་དུ་ཚོགས་ཀྱང་ས་གནས་དེས་ཚོགས་འདུ་གོ་སྒྲིག་ཞུས་དགོས་པ་བཞིན་འདི་ལོ་འགན་འཛིན་ལྷན་ཚོགས་ཐེངས་༤༩པ་དེ་བདེ་སྐྱིད་གླིང་ས་གནས་སུ་ཚོགས་གཏན་འཁེལ་བ་ལྟར། རྒྱུན་ལས་རྣམས་ཁག་བགོས་ཀྱིས་རྒྱ་བལ་འབྲུག་གསུམ་དུ་ཕེབས་ནས་ཞལ་འདེབས་བསྡུ་རུབ་གནང་ཡོད་པ་དང་། དེ་བཞིན་ས་གནས་གཞོན་ནུའི་ངོས་ནས་གཞིས་སྒར་ནང་དཔལ་འབྱོར་བསྡུ་རུབ་ཀྱི་ཆེད་རྩེད་རིགས་འདྲ་མིན་གོ་སྒྲིག་དང་། རོལ་དབྱངས་འདུ་འཛོམས་ཐེངས་མང་གོ་བསྒྲིགས་ཞུས་པར་བརྟེན་དཔལ་འབྱོར་གྱི་ཐོག་ནས་དཀའ་ངལ་གང་ཡང་མེད་ལུགས་ས་གནས་གཞོན་ནུའི་ཚོགས་གཙོ་མཆོག་གིས་མུ་མཐུད་ངོ་སྤྲོད་གནང་འདུག
བདེ་སྐྱིད་གླིང་ས་གནས་གཞོན་ནུའི་ངོས་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་འགན་འཛིན་ལྷན་ཚོགས་གོ་སྒྲིག་ཞུས་པ་ད་ལན་ཐེངས་གཉིས་པ་དེ་ཡིན་པ་དང་། དེ་སྔོན་ཕྱི་ལོ་༡༩༨༧ལོར་སྐབས་༡༧པའི་འགན་འཛིན་ལྷན་ཚོགས་ཡང་བདེ་སྐྱིད་གླིང་བོད་མིའི་གཞིས་སྒར་ནང་བསྐོང་ཚོགས་གནང་ཡོད་པ་རེད།

གསར་འགོད་པ་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།