ཨ་མི་རི་ཀས་རྒྱ་ནག་གི་ཁ་པར་མཉེན་ཆས་གྲགས་ཅན་ཞིག་ཉོ་རྒྱུ་དང་ཡང་ན་བཀག་འགོག་བྱེད་སྲིད་པ།

2020-08-03
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གི་ཁ་པར་མཉེན་ཆས་འདྲ་མིན།
རྒྱ་ནག་གི་ཁ་པར་མཉེན་ཆས་འདྲ་མིན།
སྒྲིག་བཟོ།

ཨ་མི་རི་ཀའི་སྲིད་འཛིན་གྱིས་རྒྱ་ནག་གི་(Tik Tok)་ཞེས་པའི་བརྙན་ཐུང་བཟོ་བྱེད་ཁ་པར་མཉེན་ཆས་དེ་ཉིན་གྲངས་ཞེ་ལྔའི་རྗེས་བཀག་སྡོམ་བྱེད་རྒྱུ་དང་ཡང་ན་ཉོ་ཚོང་ཆེད་དུས་བཅད་བྱས་འདུག
ཨ་མི་རི་ཀའི་སྲིད་འཛིན་(Donald Trump)་མཆོག་གིས་རྒྱ་ནག་གི་(Tik Tok)་ཞེས་པའི་བརྙན་ཐུང་ཁ་པར་མཉེན་ཆས་ཀྱི་བདག་པོ་(ByteDance)་ལ། ཁ པར་མཉེན་ཆས་དེ་བཞིན་ཨ་རིའི་ཁེ་གཉེར་ལས་ཁང་(Microsoft Corp)་ཞེས་པར་ཉོ་ཚོང་འགྲིགས་ཆགས་གྲོས་མོལ་ཆེད་ཉིན་གྲངས་༤༥་དུས་ཚོད་སྤྲོད་རྒྱུར་མོས་མཐུན་གནང་ཡོད་ལུགས་གནད་དོན་དེ་ཤེས་རྟོགས་ཡོད་པའི་མི་སྣ་གསུམ་གྱིས་འདི་ཚེས་༢་རེས་གཟའ་ཉི་མའི་ཉིན་བཤད་ཡོད་ལུགས་འདི་ཚེས་༣་ཉིན་རོའུ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རྒྱ་ནག་གི་(ByteDance)་ཞེས་པའི་ཁེ་གཉེར་ལས་ཁང་དེས་(Tik Tok)་ཁ པར་མཉེན་ཆས་དེ་ཨ་རིའི་(Microsoft)་ལས་ཁང་ལ་བཙོང་རྒྱུའི་འཆར་གཞི་དེ་ཕྱིར་འཐེན་བྱས་པའི་རྗེས། ཨ་རིའི་གཞུང་གིས་རྒྱ་ནག་གི་(Tik Tok)་ཁེ་གཉེར་ལས་ཁང་གིས་སྒེར་གྱི་གནས་ཚུལ་བསྡུ་ལེན་དང་ཨ་རིའི་བདེ་སྲུང་ལ་ཉེན་ཁ་ཡོད་པའི་རྒྱུ་མཚན་གྱིས་ཟླ་༦་པའི་ཚེས་༣༡་ཉིན་ཨ་རིའི་སྲིད་འཛིན་(Donald Trump)་མཆོག་གིས་མཉེན་ཆས་དེ་ཨ་རིའི་ནང་བཀག་འགོག་བྱེད་རྒྱུ་ཡིན་ལུགས་གསུངས་ཡོད་པ་རེད། འོན་ཀྱང་དེའི་རྗེས་སྲིད་འཛིན་(Trump)་མཆོག་དང་། ཨ་རིའི་(Microsoft)་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་(Satya Nadella)་རྣམ་གཉིས་བཀའ་མོལ་གནང་བའི་རྗེས། ཨ་རིའི་(Microsoft)་ཁེ་ལས་ཁང་གིས་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་(Tik Tok)་ཉོ་ཚོང་བྱ་ཕྱོགས་ཐད་རྒྱ་ནག་གི་ཁེ་གཉེར་ལས་ཁང་དེ་དང་ལྷན་དུ་མུ་མཐུད་ནས་གྲོས་མོལ་བྱ་རྒྱུ་ཡིན་པ་དང་། ཕྱི་ཟླ་༩་བའི་ཚེས་༡༥་གོང་ཐག་ཆོད་ཡོང་བའི་རེ་བ་ཡོད་ལུགས་བཀོད་ཡོད་འདུག
ཨ་རིའི་སྲིད་འཛིན་(Trump)་མཆོག་གི་ཆབ་སྲིད་ཚོགས་པ་སྤྱི་མཐུན་ཚོགས་པའི་ཚོགས་མི་མང་པོ་དང་། དེ་བཞིན་ཁོང་གི་སློབ་སྟོན་པས་ཨ་རིའི་གཞོན་སྐྱེས་མང་པོས་(Tik Tok)་ཁ་པར་བརྙན་ཐུང་བཟོ་བྱེད་མཉེན་ཆས་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་སྟབས་ རྒྱལ་ཡོངས་འོས་བསྡུ་བྱེད་ལ་ཉེ་བའི་སྐབས། མང་ཚོགས་ཀྱིས་དགའ་མོས་ཆེན་པོ་བྱེད་བཞིན་པའི་མཉེན་ཆས་དེ་ཨ་རིའི་ནང་བཀག་འགོག་གནང་བ་ཡིན་ན་འོས་བསྡུར་གྱོང་རག་སྲིད་པའི་གནོན་ཤུགས་དང་། སློབ་སྟོན་ཕུལ་བའི་རྗེས་སྲིད་འཛིན་(Donald Trump)་མཆོག་གིས་(Tik Tok)་མཉེན་ཆས་དེ་ཉོ་ཚོང་འགྲིགས་ཆགས་གྲོས་མོལ་ཆེད་ཉིན་གྲངས་༤༥་དུས་ཚོད་སྤྲད་གནང་བ་ཞིག་ཡིན་འདུག
ཉེ་ལམ་རྒྱ་གར་དང་རྒྱ་ནག་གི་མཐའ་སྲུང་དམག་མིའི་བར་འཁྲུག་རྩོད་བྱུང་བ་ནས་བཟུང་། རྒྱ་གར་ནང་རྒྱ་ནག་གི་ཅ་ལག་བཀག་སྡོམ་གྱི་ལས་འགུལ་གང་སར་མཆེད་བཞིན་པའི་ཁར། རྒྱ་གར་གྱི་དྲིལ་བསྒྲགས་དང་འཕྲུལ་ལས་ལྷན་ཁང་གིས། རྒྱ་གར་གཞུང་གིས་རྒྱལ་ཁབ་བདེ་འཇགས་དང་རྒྱལ་ཁབ་ཀྱི་བདག་དབང་སྲུང་སྐྱོབ་ལ་དམིགས་ཏེ། སྐད་འཕྲིན་(wechat)་གཙོས་རྒྱ་ནག་གིས་བཟོས་པའི་ཉེན་ཚབ་ཅན་གྱི་ཁ་པར་ནང་གི་མཉེན་ཆས་མ་ལག་རིགས་༥༩་རྒྱ་གར་ནང་སྒོ་རྒྱབ་ནས་བཀག་སྡོམ་བྱས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།