ཁྲིན་ཏུའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་མིང་བྱང་ཡང་མར་ཕབ་པ།

2020-07-25
གློག་འཕྲིན།
མཆན།
Share
པར་བཀོད།
ཁྲིན་ཏུའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མིང་བྱང་མར་ཕབ་བཞིན་པ།
ཁྲིན་ཏུའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་ཀྱི་མིང་བྱང་མར་ཕབ་བཞིན་པ།
ཨེ་ཨེཕ་པི།

ཨ་མེ་རི་ཀའི་གཞུང་གིས་ཨ་རིའི་ལྷོ་ཕྱོགས་གྲོང་ཁྱེར་Houston ནང་གི་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་པའི་བཀའ་བཏང་བའི་ཉིན་གཅིག་གི་རྗེས་སུ་དེར་འཁོན་ལེན་སློག་རྒྱུའི་སླད་དུ་རྒྱ་ནག་གཞུང་གིས་ཟི་ཁྲོན་ཞིང་ཆེན་གྱི་རྒྱལ་ས་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་སྒོ་རྒྱག་དགོས་པའི་བཀའ་བཏང་བའི་རྗེས་ལ་ད་རིང་གཟའ་སྤེན་པའི་ཉིན་དོན་གཅོད་ཁང་དེའི་ཕྱི་ལ་སྲུང་ཆ་དོ་དམ་དུ་བཏང་འདུག ད་ཆ་ཁྲིན་ཏུའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ལས་ཁུངས་ཀྱི་མིང་སྦྱང་ཡང་མེད་པ་བཟོས་པ་དང་གཞུང་ཚབ་ཡན་ལག་ལས་ཁུངས་དེའི་ནང་གི་ལས་བྱེད་པ་ཚོས་འདྲུད་འཐེན་འཁོར་ལོ་འབུད་རྒྱག་གཏོང་བཞིན་པ་དང་གཞུང་ཚབ་ཁང་གི་སྣུམ་འཁོར་མང་པོ་ཡར་འགྲོ་མར་འགྲོ་བྱེད་བཞིན་པ་མཐོང་རྒྱུ་ཡོད་པ་མ་ཟད། ཉེན་རྟོག་པ་དང་དམག་ཆས་མ་གྱོན་པའི་རྒྱ་མིའི་ཉེན་རྟོག་པ་མང་པོ་ཨ་རིའི་གཞུང་ཚབ་ཁང་དེའི་ཕྱི་ལ་འདུ་འཛོམས་བྱས་པ་མཐོང་རྒྱུ་ཡོད་པ་དང་ཡང་གཞུང་ཚབ་དེའི་ཉེ་འཁྲིས་ཀྱི་ལམ་གཞུང་ཁག་བཀག་འགོག་བྱས་འདུག ཨ་རིའི་གཞུང་གིས་གྲོང་ཁྱེར་Houston ནང་གི་རྒྱ་ནག་གཞུང་ཚབ་ཡན་ལག་ཁང་ཆུ་ཚོད་༧༢་གྱི་ནང་ཚུད་ལ་སྒོ་རྒྱག་དགོས་པའི་བཀའ་བཏང་བ་བཞིན་དུ་རྒྱ་གཞུང་གིས་ཀྱང་ཁྲིན་ཏུའུ་ནང་གི་ཨ་རིའི་གཞུང་ཚབ་ཡན་ལག་ལས་ཁུངས་དེ་ཆུ་ཚོད་༧༢་ནང་ཚུད་ལ་སྒོ་རྒྱག་དགོས་པའི་བཀའ་བཏང་འདུག  རོ་ཡ་ཊར་གསར་ལས་ཁང་གིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནང་ཡོད་ཨ་རིའི་གཞུང་ཚབ་ཁང་དང་ཁྲིན་ཏུའུ་ནང་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ཁང་གཉིས་ལ་ཨ་རིའི་གཞུང་ཚབ་ཡན་ལག་ཁང་དེ་སྒོ་རྒྱག་དགོས་པའི་རྒྱུ་མཚན་ཇི་ཡིན་འདྲི་རྩད་ཞུ་ཐབས་བྱས་ཀྱང་། ཡ་ལན་གང་ཡང་སློག་མིན་འདུག ཨ་རིའི་ཕྱི་སྲིད་དྲུང་ཆེ་Mike Pompeo མཆོག་གིས་ཨ་རིའི་གྲོང་ཁྱེར་Houstonནང་གི་རྒྱ་ནག་གི་དོན་གཅོད་ཁང་སྒོ་རྒྱག་དགོས་དོན་ནི་དོན་གཅོད་ཁང་དེ་ནི་ཨ་རིར་གསོ་མྱུལ་བྱ་ས་གཙོ་བོ་ཞིག་ཡིན་པ་དང་ཨ་རིའི་སྨན་དང་བཟོ་རྩལ་རིག་གནས་སོགས་རྐུ་ཁྱེར་བྱ་ས་ལྟེ་བ་ཞིག་ཡིན་སྐོར་གསུངས་ཡོད་པ་རེད།        ཡང་རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་Wang Wenbin གྱིས་ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་གཞུང་ཚབ་ཡན་ལག་ཁང་གི་མི་སྣ་འགའ་ཤས་ཀྱིས་རྒྱ་ནག་གི་ནང་སྲིད་གནད་དོན་ནང་ཐེ་བྱུས་བྱས་ནས་རྒྱ་ནག་གི་བདེ་སྲུང་ཁེ་ཕན་ལ་གནོད་སྐྱོན་གཏོང་གི་ཡོད་ལུགས་བཤད་འདུག ཡིན་ནའི་གནད་དོན་དབྱེ་ཞིབ་པ་འགའ་ཤས་ཀྱིས་དོན་དངོས་ཀྱི་རྒྱུ་མཚན་ནི་ཁྲིན་ཏུའུ་ཨ་རིའི་གཞུང་ཚབ་ཡན་ལག་ཁང་གིས་བོད་རང་སྐྱོང་ལྗོངས་དང་ཤིན་ཅང་ཞེས་འབོད་པའི་ཤར་ཏུར་ཀིས་ཐན་ལ་ཞབས་ཞུ་གནང་གི་ཡོད་སྟབས་ཡིན་པ་དང་ཡང་ཨ་རིའི་གཞུང་གིས་བོད་ཀྱི་གནད་དོན་ལ་ཐུགས་འཁུར་ཆེན་པོ་གནང་གི་ཡོད་སྟབས་ཡིན་སྐོར་གསུངས་འདུག ཁྲིན་ཏུའུ་རུ་ཡོད་པའི་ཨ་རིའི་དོན་གཅོད་ཁང་དེ་ནི་ཕྱི་ལོ་༡༩༨༥་ལོར་སྒོ་ཕྱེ་བ་དང་དེའི་ནང་ལས་བྱེད་པ་༢༠༠་ཙམ་ཡོད་པའི་ནང་ནས་ལས་བྱེད་པ་༡༥༠་ས་གནས་ཀྱི་ཡུལ་མི་ཡིན་པ་དང་ད་ལྟའི་འཆར་དེའི་ནང་ལས་བྱེད་ག་ཚོད་ཡོད་མེད་གསལ་པོ་ཤེས་རྟོགས་མེད་ཅིང་གང་ལ་ཞེ་ན་ཏོག་དབྱིབས་ནད་དུག་གིས་རྐྱེན་པས་དོན་གཅོད་ཁང་དེའི་ཨ་རིའི་ཕྱི་འབྲེལ་མི་སྣ་མང་ཆེ་བ་ཕྱིར་འཐོན་ཟིན་ཡོད་པའི་གནས་ཚུལ་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།