རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་བའི་བོད་མི་གཉིས་བཀག་ཉར་དང་དམ་དྲག

2019-11-13
གློག་འཕྲིན།
མཆན།
Share
པར་བཀོད།
དགེ་འདུན་པ་བསོད་ནམས་དཔལ་ལྡན་དང་པདྨ་བསམ་འགྲུབ་ལགས། ༼ཟླ་ཚེས་མི་གསལ
དགེ་འདུན་པ་བསོད་ནམས་དཔལ་ལྡན་དང་པདྨ་བསམ་འགྲུབ་ལགས། ༼ཟླ་ཚེས་མི་གསལ
ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་ཉམས་ཞིབ་པ།/TCHRD

རྒྱ་ནག་གཞུང་གིས་མདོ་སྨད་རྔ་བ་ཕྱོགས་ཀྱི་དགེ་འདུན་པ་བསོད་ནམས་དཔལ་ལྡན་ལགས་འཛིན་བཟུང་གིས་མུ་མཐུད་དུ་བཀག་ཉར་གྱིས་ནང་མི་སོགས་ལ་ཐུག་འཕྲད་བྱེད་དུ་འཇུག་གི་མེད་པ་རེད་འདུག
སྤྱི་ལོ་༢༠༡༩་ལོའི་ཟླ་༩་བའི་ཚེས་༡༨་ཡས་མས་ཙམ་ལ་རྒྱ་ནག་གི་ཉེན་རྟོག་པས་མདོ་སྨད་རྔ་བ་རྫོང་ཁོངས་ནས་ཡིན་པའི་དགེ་འདུན་པ་བསོད་ནམས་དཔལ་ལྡན་ལགས་གློ་བུར་དུ་འཛིན་བཟུང་བྱས་བའི་རྗེས། ཡུན་རིང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་སྟངས་གསལ་ཆ་མེད་པར་ལུས་ཡོད་པ་རྒྱ་གར་རྡ་རམ་ས་ལར་ཡོད་པའི་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་ཉམས་ཞིབ་པས་གནས་ཚུལ་སྤེལ་ཡོད།
དེའི་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་འདི་ཚེས་༡༢་ཉིན་གནས་ཚུལ་སྤེལ་བའི་ནང་། གོང་གི་དགེ་འདུན་པ་བསོད་ནམས་དཔལ་ལྡན་ལགས་ད་ལྟའི་ཆར་རྔ་བ་རྫོང་སྤྱི་བདེ་ལས་ཁུངས་ཀྱི་བཀག་ཉར་ཁང་དུ་བཀག་སྐྱིལ་བྱས་ཡོད་པ་ཤེས་རྟོགས་བྱུང་བའི་ཐོག ཕྱི་ཟླ་༡༠་བ་དང་༡༡་ནང་ཁོང་གི་ནང་མི་ཚོ་ཁོང་ལ་ཐུག་འཕྲད་ཡོང་ཐབས་ཐེངས་གཉིས་བྱས་ཡོད་ཀྱང་བཀག་ཉར་ཁང་གི་རྒྱ་ནག་གི་འབྲེལ་ལས་བྱེད་ཚོས་ ཁོང་ལ་ཐུག་འཕྲད་བྱེད་དུ་བཅུག་མེད་པ་མ་ཟད། ཁོང་གི་ཆེད་དངུལ་བླངས་བ་ལས་ཟ་མ་དང་གོན་ཆས་སོགས་གང་ཡང་བླངས་མེད་པ་རེད་འདུག
གཞན་ཕྱི་ལོ་༢༠༡༩་ལོའི་ཟླ་༣ ་ཚེས་༩་ཉིན། རང་ལོ་༢༦་ཡིན་པའི་པདྨ་བསམ་འགྲུབ་ཞུ་བ་ཡང་ཆབ་སྲིད་ཀྱི་དོགས་གཞི་དང་ཁོ་རང་གི་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་ཆབ་སྲིད་ཀྱི་ནང་དོན་ཡོད་པའི་པར་རིས་བརྒྱུད་སྤེལ་བྱས་པའི་ཉེས་འཛུགས་ཀྱིས་རྒྱ་ནག་གི་ཉེན་རྟོག་པས་ལྷ་ས་ནས་འཛིན་བཟུང་གིས་ཡུན་རིང་བཀག་ཉར་བྱས་རྗེས་ཆབ་མདོ་ས་ཁུལ་གྱི་སྤྱི་བདེ་ལས་ཁུངས་ལ་རྩིས་སྤྲོད་བྱས་ནས་བཀག་སྐྱིལ་བྱས་བསྡད་ཡོད་པ་བཀོད་འདུག
ད་དུང་གནས་ཚུལ་ནང་། རྒྱ་ནག་གི་ཉེན་རྟོག་པས་དགེ་འདུན་པ་བསོད་ནམས་དཔལ་ལྡན་ལགས་འཛིན་བཟུང་བྱས་དོན་ནི། ཁོང་གིས་སྐད་འཕྲིན་གྱི་རྒྱབ་ལྗོངས་སུ་རྒྱ་ནག་གཞུང་གི་སྟངས་འཛིན་འོག་བོད་ཀྱི་སྐད་ཡིག་གི་གནས་སྟངས་གླེང་བའི་རྩོམ་ཐུང་ཞིག་སྤེལ་ནས་བོད་ཀྱི་རྒྱལ་དར་བཞག་པར་བརྟེན་འཛིན་བཟུང་བྱས་བ་ཡིན་པ་དང་། ད་བར་གསང་བའི་ཐོག་ནས་བཀག་ཉར་བྱས་པ་དང་། དྲ་ལམ་དུ་པར་རིས་དང་རྩོམ་ཡིག་སྤེལ་པ་ཙམ་གྱིས། གང་བྱུང་བཀག་ཉར་དང་སྡུག་སྦྱོང་མནར་གཅོད་གཏོང་བ་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཁས་ལེན་ཁག་ཐེག་གཙང་མ་བྱས་པའི་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་འཛིན་ཁྲིམས་ཡིག་ཁག་གི་ནང་སྲུང་སྐྱོབ་བྱེད་པའི་གཞི་རྩའི་རང་དབང་དང་ཐོབ་ཐང་ཁག་རྩིས་མེད་རྡོག་རོལ་བཏང་བ་རེད་ཅེས་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་སྐྱོན་བརྗོད་བྱས་འདུག
གོང་གི་དགེ་འདུན་པ་བསོད་ནམས་དཔལ་ལྡན་ལགས་རྔ་བ་རྫོང་གཅའ་ཡུལ་ཚོ་ནག་ཚང་མ་སྡེ་བ་ནས་ཡིན་པ་དང་། པདྨ་བསམ་འགྲུབ་ནི་ཆབ་མདོ་ས་ཁུལ་ཁྱུང་པོ་སྟེང་ཆེན་རྫོང་སེར་རྩ་ཡུལ་ཚོའི་ཁུ་རྒྱུད་གྲོང་ཚོ་ནས་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།