ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་མིན་ཐད་ཉན་ཞིབ་གནང་གཏན་འཁེལ་འདུག

2020-09-29
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་། ༢༠༡༩།༡༡
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་། ༢༠༡༩།༡༡
Lhuboom/RFA

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་དང་ལྷན་ཁོང་གི་རྩོམ་ཡིག་དང་འབྲེལ་ནས་ཉན་ཞིབ་གནང་གཏན་འཁེལ་འདུག
ཉེ་ལམ་བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྤྱི་འཐུས་རྒྱུན་ལས་བར་གྲོས་ཚོགས་ཚོགས་དུས་བཅུ་པ་ཕར་འགྱངས་དང་འབྲེལ་བའི་གནད་དོན་ཐད་གླེང་སློང་རིམ་པར་བྱུང་བཞིན་པའི་དུས་སྐབས་འདིར། སྤྱི་འཐུས་རྒྱུན་ལས་བློ་བཟང་ཆོས་འབྱོར་རམ་ཡོངས་གྲགས་སུ་ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བྲིས་བའི་“ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་།”ཞེས་པའི་རྩོམ་ཡིག་དེ་བཞིན་སྤྱི་ཟླ་༩པའི་ཚེས་༢༧ཉིན་བོད་ཀྱི་དུས་བབ་གསར་སྤེལ་ཁང་གིས་འདོན་སྤེལ་བྱས་པའི་རྗེས། སྤྱི་ཟླ་༩པའི་ཚེས་༢༩རེས་གཟའ་མིག་དམར་ཉིན་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་གོང་ཞུས་རྩོམ་ཡིག་དང་འབྲེལ་ནས། སྤྱི་མང་ཁྲིམས་ཡིག་དོན་ཚན་༨༥ ༼ཁ༽་པའི་ཆ་རྐྱེན་འོག་ཉན་ཞིབ་ཀྱི་གསལ་བསྒྲགས་ཤིག་སྤེལ་བའི་ནང་། སྤྱི་འཐུས་བློ་བཟང་ཆོས་འབྱོར་གྱིས་ཕྱི་ལོ་༢༠༢༠ལོའི་སྤྱི་ཟླ་༩པའི་ཚེས་༢༧ཉིན་བོད་ཀྱི་དུས་བབ་དྲ་རྒྱའི་སྟེང་། ད་ཐེངས་ཁྲིམས་ཞིབ་ཁང་ལ་རྒྱུ་མཚན་འདང་ངེས་ཡོད་པར་མ་མཐོང་ཞེས་རྩོམ་ཡིག་ཅིག་འབྲི་འགོད་བྱས་པ་དེའི་ནང་དོན་ཁག་སྤྱི་མང་ཁྲིམས་ཡིག་དོན་ཚན་། ༨༤ ༼ཁ༽་ནང་གསལ་ཆེས་མཐོའི་ཁྲིམས་ཞིབ་ཁང་ལ་ཁྱད་གསོད་བྱས་པ་མ་ཡིན་པའི་རྒྱུ་མཚན་བརྗོད་དུ་འཇུག་སླད། སྤྱི་མང་ཁྲིམས་ཡིག་དོན་ཚན་༨༤༼ཁ༽་གཞིར་བཟུང་ཕྱི་ལོ་༢༠༢༠ཟླ་༡༠ཚེས་༡༢ཉིན་ཕྱི་དྲོའི་ཆུ་ཚོད་༢།༣༠ སྟེང་ཉན་ཞིབ་བྱེད་གཏན་འཁེལ་ཡོད་པ་གསལ་བསྒྲགས་སྤེལ་འདུག
ཡང་གོང་ཞུས་གནས་ཚུལ་དེའི་ཐད་འདི་གའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ནས་སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས་སུ་ཁ་པར་བརྒྱུད་བཅར་འདྲི་ཞུས་པར། ཁོང་གིས་དེ་འབྲེལ་གནས་ཚུལ་སྐོར་ལ་ད་ལྟའི་ཆར་གང་ཡང་ཞུ་རྒྱུ་མིན་ཞེས་བརྗོད་བྱུང་ལ། ཁྲིམས་ཞིབ་ཁང་གི་བརྡ་ཐོ་གཞིར་བཟུང་ཉན་ཞིབ་ལ་ཕེབས་དགོས་མིན་ཐད་ད་ལྟའི་ཆར་འགྲེལ་བརྗོད་བྱེད་ཀྱི་མིན་ཞེས་གསུངས་གནང་བྱུང་།
གཞན་ཡང་འདི་ཚེས་༢༨་ཉིན་བོད་མིའི་སྒྲིག་འཛུགས་དབུས་འོས་བསྡུ་ལས་ཁང་ནས་༢༠༢༡ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ལས་རིམ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་སྐབས། ཉེ་ལམ་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་མི་གྲངས་༡༡་གིས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགལ་གྱི་ཐག་གཅོད་བཀོད་ཁྱབ་ལ། སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་མེད་པའི་གསལ་བསྒྲགས་སྤེལ་བའི་གནད་དོན་དང་འབྲེལ་བའི་སྐོར་གསར་འགོད་པས་འོས་བསྡུའི་འགན་འཛིན་མཆོག་ལ་བཅར་འདྲི་ཞུས་སྐབས། ཁོང་གིས། ད་ལྟའི་ཆར་གནད་དོན་དེའི་ཐད་གང་ཡང་ཞུ་རྒྱུ་མེད་ཅེས་འགྲེལ་བརྗོད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།