ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་ལ་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་གནང་མི་འདུག

2020-09-25
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་། ༢༠༡༩།༡༡
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་། ༢༠༡༩།༡༡
Lhuboom/RFA

བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་སྤྱི་འཐུས་རྒྱུན་ལས་༡༡་གི་གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་བའི་བཀའ་ཁྱབ་བཏང་བར་སྤྱི་འཐུས་རྒྱུན་ལས་ནས་ངོས་ལེན་གནང་མི་འདུག
བོད་མིའི་སྒྲིག་འཛུགས་ཀྱི་ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཕྱི་ལོ་༢༠༢༠་ཟླ་ ༩ ་ཚེས་༢༥་ཉིན་ བཀོད་ཁྱབ་ཞིག་བཏང་གནང་བའི་ནང་། སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཀྱི་མི་གྲངས་༡༡་གིས་བསམ་བཞིན་དུ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་མེད་བྱས་པའི་བྱེད་འཛོལ་ལ་ཆད་འགལ་གྱི་ཐག་གཅོད་བཀོད་ཁྱབ་ཅེས་པའི་ནང་གསལ། སྤྱི་འཐུས་རྒྱུན་ལས་ནས་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༠་དེ་བཞིན་༢༠༢༡་ཟླ་༣་པའི་བར་ཕར་འགྱངས་གནང་བ་ཡིན་ཞེས་པ་དེ་ཁྲིམས་མཐུན་ཆགས་ཀྱི་མེད་པ་དང་། སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུ་བསྡུ་སྐོང་བྱེད་སྟངས་ནི་བཅའ་ཁྲིམས་དོན་ཚན་༤༠་པར་ཚོགས་འདུ་སྔོན་མ་གྲོལ་བ་ནས་ཟླ་དྲུག་ནང་ཚུད་ཚོགས་འདུ་རྗེས་མ་དབུ་འཛུགས་ཟིན་པ་དགོས་རྒྱུ་ཞེས་གསལ་བའི་རྒྱ་ལས་མི་འགོངས་པ་ཞིག་དགོས་པ་ཡིན་ཞེས་གསལ་བ་ལྟར། སྤྱི་འཐུས་ཚོགས་དུས་དགུ་པ་དེ་༢༠༢༠་ཟླ་ ༣ ་ཚེས་༡༩ ་ཉིན་གྲོལ་བའི་གསལ་བསྒྲགས་བྱས་ཡོད་པ་དེ་ཕྱི་༢༠༢༠་ཟླ་༩་ཚེས་༡༨་ཉིན་ནས་ཟླ་བ་དྲུག་གི་དུས་བཀག་བརྒལ་གྱི་ཡོད་སྟབས། དུས་ཡུན་འདིའི་ནང་ཚུན་བཅའ་ཁྲིམས་དོན་ཚན་༤༠་གཞིར་བཟུང་གྲོས་ཚོགས་བསྡུ་སྐོང་མ་བྱས་ཚེ། བཅའ་ཁྲིམས་དགོངས་དོན་ལ་གནོད་འགལ་བྱས་པའི་ནོར་འཁྲུལ་བཟོ་བཅོས་ཀྱི་ཐབས་ཤེས་དང་ལམ་ཁ་མེད་པ་ཆགས་ཀྱི་ཡོད་ཅེས་ཞུས་ཀྱང་སྤྱི་འཐུས་རྒྱུན་ལས་ནས་དེ་ལྟར་དགོངས་བཞེས་མ་གནང་བར་སོང་། སྤྱི་འཐུས་རྒྱུན་ལས་ནས་བཅའ་ཁྲིམས་ནས་བསྐུར་བའི་ལས་འགན་མ་བསྒྲུབ་པར་སོང་། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་ཁག་ཅིག་དང་འོས་བསྡུའི་སྒྲིག་གཞི་པ་དགོངས་དོན་ལྟར། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་ལགས། ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་ལགས། སྤྱི་འཐུས་མཁན་པོ་བསོད་ནམས་བསྟན་འཕེལ་ལགས། སྤྱི་འཐུས་བསྟན་པ་ཡར་འཕེལ་ལགས། མཁན་པོ་ཀ་གྲག་དངོས་འགྲུབ་བསོད་ནམས་ལགས། དགེ་བཤེས་ལྷ་རམས་པ་གོ་བོ་བློ་བཟང་ཕན་བདེ་ལགས། དགེ་བཤེས་སྨོན་ལམ་མཐར་ཕྱིན་ལགས། སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས། སྤྱི་འཐུས་ངག་དབང་ཐར་པ་ལགས། སྤྱི་འཐུས་བློ་བཟང་ཆོས་འབྱོར་ལགས། སྤྱི་འཐུས་ཙ་ནེ་ཚང་དོན་འགྲུབ་བཀྲིས་ལགསབཅས་ལ་བཀའ་ཁྱབ་འདི་བཏང་ཚེས་ནས་བཟུང་ཕྱི་ལོ་༢༠༢༡་ཟླ་༣་ཚེས་༡༡་བར་འོས་བསྡུའི་སྒྲིག་གཞི་དོན་ཚན་༤་ནང་གསལ་སྲིད་སྐྱོང་དང་། སྤྱི་འཐུས། ས་འཐུས། རང་ཚོགས་སོགས་ཀྱི་འོས་བསྡུ་དང་། ལས་དོན་ཆེ་བ་མང་མོས་འོས་བསྡུ་བཅས་ཀྱི་གཞུང་འབྲེལ་འོས་བསྡུའི་འདེབས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་བྱས་པའི་ཆད་འགེལ་བཀའ་ཁྱབ་ཞེས་བཏང་གནང་འདུག གནད་དོན་འདི་དང་འབྲེལ་བའི་སྐོར་སྤྱི་འཐུས་ཚོགས་གཞོན་ཨ་ཅརྱ་ཡ་ཤེས་ཕུན་ཚོགས་ལགས་སུ་བཅའ་འདྲི་ཞུས་སྐབས་ད་ལྟའི་ཆར་གང་ཡང་འགྲེལ་བརྗོད་གནང་རྒྱུ་མེད་ཅེས་གསུངས་གནང་བྱུང་།
ཡང་ཆེས་མཐོའི་ཁྲིམས་ཞིབ་ཁང་ནས་དབུས་འོས་བསྡུ་ལས་ཁང་ལ་ཕྱག་ཡིག་ཞིག་བཏང་བའི་ནང་། སྤྱི་འཐུས་རྒྱུན་ལས་ཀྱི་འགལ་འཛོལ་ལ་དམིགས་ཏེ། སྤྱི་མང་གཏུག་བཤེར་འགྲོ་ལུགས་ཁྲིམས་ཡིག་དོན་ཚན་༥༡་ཁ་ནང་གསེས་༢་གཞིར་བཟུང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༢༢་དང་༦༣། ༩༧། ༡༠༡། ༡༠༧་ནང་གསལ་གདམ་བྱ་འདེམས་བྱེད་ཀྱི་ཐོབ་དབང་སོར་གནས་དང་། འོས་བསྡུའི་སྒྲིག་གཞི་ནང་གསལ་གྱི་འགན་ཁུར་ལེན་ཆོག་པ་ཕུད། གཞུང་འབྲེལ་འོས་བསྡུའི་འདེམས་བྱེད་ཀྱི་ཐོབ་དབང་བཀག་བསྐྱིལ་གནང་བ་བཞིན་ལག་བསྟར་དགོས་པའི་བཀོད་ཁྱབ་བཏང་གནང་འདུག
ཡིན་ན་ཡང་དེ་ནས་ཆུ་ཚོད་ཁ་ཤས་རྗེས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཆད་འགེལ་བཀའ་ཁྱབ་ལ་ངོས་ལེན་མ་བྱས་བར། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་བཀའ་ཁྱབ་གཏོང་སའི་ཁྱབ་ཁོངས་སུ་མེད་པ་མ་ཟད། མང་གཙོའི་ཀ་བ་གསུམ་གྱི་འགན་དབང་གྱི་ས་མཚམས་ལས་བརྒལ་ཏེ་བཅའ་ཁྲིམས་དང་ཡོངས་སུ་འགལ་བའི་བྱེད་བབ་དེར་ངོས་ལེན་ཞུ་ཐབས་བྲལ་ཡོད་པ་སོགས་ཤོག་ངོས་བཞི་ཡོད་པའི་གསལ་བསྒྲགས་སྤེལ་ནས། གནད་དོན་འདི་འབྲེལ་མ་འོངས་དགྲ་དགའ་གཉེན་སྡུག་སོགས་ཀྱི་དཀའ་རྙོག་བྱུང་རིགས་བྱུང་ཚེ་ཡོངས་རྫོགས་ཁྲིམས་ཞིབ་པ་ཆེ་བ་དྭགས་པོ་བསོད་ནམས་ནོར་བུ་ལགས་དང་། ཁྲིམས་ཞིབ་པ་གཞན་ཀརྨ་དགྲ་འདུལ་ལགས། ཁྲིམས་པ་གཞན་བསྟན་འཛིན་ལུང་རྟོགས་རྣམས་ཀྱིས་འགན་འཁུར་དགོས་ཞེས་འཁོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།