བོད་པའི་སློབ་ཕྲུག་གཉིས་ཀྱིས་རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་ཁྲོད་རྒྱུགས་འབྲས་བརྒྱ་ཆ་མཐོ་པོ་བླངས།

2020-10-21
གློག་འཕྲིན།
མཆན།
Share
པར་བཀོད།
སློབ་ཕྲུག་བསྟན་འཛིན་ཡེ་ཤེས་ལགས་དང་ཀུན་དགའ་ལེགས་འབྱུང་ལགས།
སློབ་ཕྲུག་བསྟན་འཛིན་ཡེ་ཤེས་ལགས་དང་ཀུན་དགའ་ལེགས་འབྱུང་ལགས།
མཐུན་འགྱུར་པར་རིས།

རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་(NEET)ཞེས་པའི་ཡིག་རྒྱུགས་ཁྲོད་བོད་པའི་སློབ་ཕྲུག་བསྟན་འཛིན་ཡེ་ཤེས་ལགས་དང་ཀུན་དགའ་ལེགས་འབྱུང་ལགས་གཉིས་ཀྱིས་རྒྱུགས་འབྲས་བརྒྱ་ཆ་མཐོ་པོ་བླངས་འདུག
ཟླ་བཅུ་པའི་ཚེས་༡༦ཉིན་རྒྱ་གར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་(NEET)ཞེས་པའི་ཡིག་རྒྱུགས་གྲུབ་འབྲས་གསལ་བསྒྲགས་བྱས་བའི་ཁྲོད། སེ་ལ་ཀུལ་བོད་ཁྱིམ་སློབ་མ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་རྒྱུགས་འབྲས་ཐོབ་ཆ་༧༢༠ནས་༥༤༡དང་། མ་སུ་རིའི་བོད་ཁྱིམ་སློབ་མ་ཀུན་དགའ་ལེགས་འབྱུང་ལགས་ཀྱིས་རྒྱུགས་འབྲས་ཐོབ་ཆ་༧༢༠ནས་༥༠༣བླངས་ཡོད་པ་དང་། དེ་ནི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཟིན་ཐོ་གསར་པ་ཞིག་ཡིན་པ་དང་། བོད་མིའི་སྒྲིག་འཛུགས་ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་ལགས་ཀྱིས་དགའ་བསུའི་འཚམས་འདྲི་གནང་འདུག
སློབ་མ་བསྟན་འཛིན་ཡེ་ཤེས་ལགས། སྤྱི་ལོ་༢༠༡༩ལོར་འཛིན་རིམ་བཅུ་གཉིས་ཐོན་པ་དང་རྒྱལ་ཡོངས་སྨན་པའི་ཡིག་རྒྱུགས་ནང་ཞུགས་ཀྱང་དེ་ཙམ་འདོད་པ་ཁེངས་པ་ཞིག་མ་བྱུང་སྟབས། ལོ་གཅིག་གི་རིང་འབྲེལ་ཡོད་དཔེ་དེབ་ཁག་ཞིབ་ཚགས་ཀྱིས་ལྟ་ཀློག་གིས་དམིགས་བསལ་སྦྱོང་བརྡར་བྱས་ཏེ་འདི་ལོར་བསྐྱར་ཏུ་ཡིག་རྒྱུགས་ནང་ཞུགས་ཡོད་པ་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
སློབ་མ་ཀུན་དགའ་ལེགས་འབྱུང་། འཛིན་རིམ་བཅུ་གཅིག་སྐབས་ཙམ་ནས་ཡིག་རྒྱུགས་འདིའི་སྐོར་ལ་དོ་སྣང་དང་སྦྱོང་བརྡར་གང་འཚམས་བྱས་ཡོད་པ་དང་། དེ་ནས་རྒྱལ་ཡོངས་འཛིན་རིམ་བཅུ་གཉིས་པའི་ཡིག་རྒྱུགས་ཚར་བ་དང་ལྷན། ཟླ་བ་དྲུག་ཙམ་གྱི་རིང་བོད་ཁྱིམ་སློབ་གྲྭའི་ཆེད་ལས་དགེ་རྒན་ཁག་ཅིག་གི་ས་ནས་ཟུར་ཁྲིད་དང་། དེ་བཞིན་དྲ་ཐོག་བཅས་ནས་སྦྱོང་བརྡར་བྱས་བ་སློབ་མ་ཀུན་དགའ་ལེགས་འབྱུང་ལགས་ཀྱིས་འདི་གའི་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་བྱུང་།
ཁོང་གཉིས་ཀྱིས་ད་ལན་དམིགས་ཚད་ཟིན་པ་བཞིན་སྦྱངས་འབྲས་ཡག་པོ་ཐོབ་པར་ཧ་ཅང་དགའ་པོ་བྱུང་བ་དང་། མ་འོངས་བར་མུ་མཐུད་དུ་འབད་བརྩོན་བྱས་ནས་རིགས་གཅིག་རྐང་འཛིན་བྱེད་རྒྱུའི་འཆར་གཞི་ཡོད་པ་གསུང་གནང་གི་འདུག
ད་རེས་ཡིག་རྒྱུགས་ཁྲོད་བོད་པའི་སློབ་མ་༤༡མཉམ་ཞུགས་བྱས་བའི་ཁྲོད་སློབ་མ་༣༢ནས་ཡིག་རྒྱུགས་འཕྲོད་ཡོད་པ་རེད་འདུག
རྒྱ་གར་གཞུང་དང་ཧི་མ་ཅལ་མངའ་སྡེ་གཞུང་གིས་བཙན་བྱོལ་བོད་མིའི་སློབ་ཕྲུག་ཁྲོད། སྨན་པའི་སློབ་སྦྱོང་ཆེད་ས་དམིགས་དྲུག་གནང་བཞིན་པ་ལྟར། ཧི་མ་ཅལ་མངའ་ཁུལ་ནས་སིམ་ལ་དང་། ཊང་ཌ་བཅས་སྨན་པའི་མཐོ་སློབ་ཁག་དྲུག་གི་ནང་སློབ་མ་རེ་འཛུལ་ཞུགས་བྱེད་ཀྱི་ཡོད་པ་དང་། དེ་ཡང་སྦྱང་འབྲས་བརྒྱ་ཆ་མཐོ་རིམ་ནས་སྨན་པའི་མཐོ་སློབ་འདེམས་ཀ་བྱེད་ཆོག་གི་ཡོད་པ་རེད་འདུག
སྤྱི་ལོ་༢༠༡༣ལོར་རྒྱལ་ཡོངས་སྨན་པའི་ཚུད་རྒྱུགས་གསར་གཏོད་གནང་བ་ནས་བཟུང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་རྒྱུགས་འབྲས་བརྒྱ་ཆ་དེ་འདྲ་ཡག་པོ་ལོན་པ་ཐེངས་དང་པོ་ཡིན་པ་རེད་འདུག་ལ། འདས་པའི་ལོ་བདུན་ཙམ་གྱི་རིང་རྒྱ་གར་དབུས་དང་ཧི་མ་ཅལ་མངའ་སྡེས་བོད་པའི་སློབ་མ་ཚོར་སྨན་པའི་ས་མིག་གནང་ཡོད་ཀྱང་ཡིག་རྒྱུགས་འཕྲོད་མིན་ལ་བརྟེན་མཚམས་རེར་ས་མིག་ཁེངས་བ་ཡང་མང་པོ་བྱུང་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།