སྤྱི་འཐུས་གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་རིང་ཚོགས་ནས་གྲོལ།

2020-03-17
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཚོགས་རྭ། ༢༠༢༠།༣།༡༧
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཚོགས་རྭ། ༢༠༢༠།༣།༡༧
Dhasa/RFA

སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་རིང་ཚོགས་ནས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠།༢༡་ལོའི་སྔོན་རྩིས་གཏན་འབེབས་གནང་རྗེས་གྲོལ་སོ་ང།
འདི་ཚེས་༡༧་ཉིན་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། སྐབས་༡༦་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་དབུ་འཛུགས་ཀྱི་གསལ་བསྒྲགས་བསྐྱངས་བ་དང་སྦྲགས། ཐེངས་འདིའི་གྲོས་ཚོགས་ནང་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་༢༠༢༠།༢༡་ལོའི་སྔོན་རྩིས་བཀའ་ཁྲོལ་གཏན་འབེབས་གནང་རྒྱུ་ཡིན་པར་སོང་། བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་གིས་སྔོན་རྩིས་གསུངས་བཤད་གནང་བའི་ནང་། རྩིས་ལོ་༢༠༢༠།༢༡་ལོའི་ནང་སྔོན་རྩིས་མ་དངུལ་ནས་ཚོད་དཔག་ཡོང་འཆར་ཧིན་སྒོར་ས་ཡ་༨༢༩་ལྷག་དང་། ལས་ཁུངས་སོ་སོའི་ཟུར་བཀོལ་ཡོང་འཆར་ཧིན་སྒོར་ས་ཡ་༡༨༠༥་ལྷག་བཅས་ཁྱོན་བསྡོམས་ཚོད་དཔག་ཡོང་འཆར་ཧིན་སྒོར་ས་ཡ་༢༦༣༤་ལྷག་ཡིན་པ་ནས་བཀའ་ཤག་གིས་ཐབས་འཚོལ་གནང་དགོས་པ་ས་ཡ་༥༡༤ལྷག་ཡིན་པ་རེད།
སྔོན་རྩིས་མ་དངུལ་ཡོང་འཆར་གཙོ་བོ་དང་བླངས་དཔྱ་དངུལ་དང་། ངེས་ཅན་བསྡུ་དངུལ། ངེས་མེད་ཞལ་འདེབས་བཅས་ནས་ཡོང་འཆར་སྒོར་ས་ཡ་༡༨༠་ལྷག་ཡིན་པ་སྔ་ལོའི་སྔོན་རྩིས་ནས་སྒོར་ས་༡༦་ལྷག་མང་བ་ཆགས་ཡོད་པ་དང་། རྩིས་ལོ་༢༠།༢༡་ལོའི་སྔོན་རྩིས་ཚོད་དཔག་འགྲོ་འཆར་རྒྱབ་གཉེར་ཞུས་པ་བསྡོམས་སྒོར་ས་ཡ་༢༧༡༤་ཡིན་པ་ནས་ཆོས་དང་རིག་གཞུང་། འཕྲོད་བསྟེན་ལྟ་སྐྱོང་ཤེས་ཡོན་དང་འབྲེལ་བའི་ལས་གཞི། སྤྱི་ཚོགས་བདེ་དོན་དང་འབྲེལ་བའི་ལས་གཞི། ཆབ་སྲིད་དང་འབྲེལ་བའི་ལས་དོན་སོགས་ལས་གཞི་གལ་གནད་ཆེ་བ་མང་པོ་ཞིག་ཡོད་པ་གསུང་གནང་སོང་།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་མཁན་པོ་འཇམ་དཔལ་བསྟན་འཛིན་ལགས་ཀྱིས། ཚོགས་ཆུང་གི་སྙན་ཐོ་དང་འབྲེལ་བའི་འགྲེལ་བརྗོད་གནང་དོན་ལ། བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་རྩིས་ལོ་༢༠༢༠།༢༡་ལོའི་རྒྱུན་གྲོན་དང་། དམིགས་བསལ། ཟུར་བཀལ་དམིགས་བཀར་བཅས་པར་བཀའ་ཤག་གིས་ཕྱོགས་བསྡོམས་འགྲོ་གྲོན་གྱི་དགོས་དངུལ་སྒོར་ས་ཡ་༢༧༡༤་ལྷག་འབུལ་ཡོད་པ་དེ་ནི་རྩིས་ལོ་༢༠༡༩།༢༠་ལོའི་སྔོན་རྩིས་ལས་བརྒྱ་ཆ་༨་༣༤མང་ཆགས་འདུག ཚོགས་ཆུང་ནས་ལྡི་ལི་དོན་ཁང་འཕགས་བོད་འབྲེལ་མཐུད་ལས་ཁང་གི་གྲང་གློག་བཀའ་ཁྲོལ་ནས་གཅོག་ཆ་ཧིན་སྒོར་༡༠༨༩༨་གནང་བ་མ་གཏོགས་གཞན་ཚང་མར་རྒྱབ་གཉེར་ཞུས་ཡོད་པ་གསུང་གནང་གི་འདུག
སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་ད་རེས་འཛམ་གླིང་ས་ཕྱོགས་གང་སར་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྱབ་བཞིན་པའི་ཛ་དྲག་གི་སྐབས་འདིར་གྲོས་ཚོགས་ཀྱང་ཉིན་གཅིག་རིང་ཚོགས་ནས་སྔོན་རྩིས་བཀའ་ཁྲོལ་གཏན་འབེབས་གནང་བ་དང་གྲོལ་རྒྱུ་ཡིན་གསུངས་གནང་སོང་།
ཡང་ད་རེས་ཀྱི་གྲོས་ཚོགས་ཐོག་༢༠༡༩་ལོར་བོད་ནང་བོད་དོན་ཆེད་དུ་རང་ལུས་མེར་སྲེག་བཏང་གནང་ཏེ་འདས་གྲོངས་སུ་གྱུར་བ་སྐུ་ཞབས་ཡོན་ཏན་ལགས་དང་། སྤྱི་ཟུར་དམ་པ་དགའ་བྱང་དགེ་ཤེས་ལྷ་རམས་པ་བཀྲིས་རྒྱལ་ཚན་ལགས་གཉིས་ཀྱི་ཆེད་དུ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་སྤྱི་མོས་ཀྱི་གཏན་འབེབས་གནང་སོང་།
གཞན་ཡང་བོད་ནང་གི་ཛ་དྲག་གནས་སྟང་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་སྤྱི་མོས་ཐོག་གཏན་འབེབས་གནང་སོང་།  
མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་འདི་ལོ་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བཀྲིན་རྗེས་དྲན་གྱི་ལོར་སྲུང་བརྩི་ཞུ་བཞིན་ཡོད་སྟབས་བོད་མི་ཚང་མས་༧གོང་ས་མཆོག་གི་བཀའ་བཞིན་བསྒྲུབ་རྒྱུར་འབད་དགོས་པ་ལས་ནང་ཁུལ་རྙོག་གླེང་ཆུང་ཙག་རིགས་ལ་མགོ་འཁོར་རྒྱུ་མེད་པའི་འབོད་སྐུལ་གནང་སོང་།
དེ་ནས་ལས་ཁུངས་གོ་རིམ་བཞིན་སྔོན་རྩིས་སྡོམ་འབོར་སྙན་སྒྲོན་གྱིས་བགྲོ་གླེང་མེད་པའི་ལམ་ནས་གཏན་འབེབས་གནང་སོང་ལ། སྔོན་རྩིས་ཚོད་དཔག་ཚོགས་ཆུང་གི་སྙན་ཐོའི་ནང་སྔོན་རྩིས་བརྒྱ་ཆ་སྐོར་བའི་ནང་། ཤེས་རིག་ལ་བརྒྱ་ཆ་༢༢་༤༤ འཕྲོད་བསྟེན་ལ་བརྒྱ་ཆ་༨་༨༨  ཆབ་སྲིད་ལ་བརྒྱ་ཆ་༢༡་༧༢། འཛིན་སྐྱོང་ལ་བརྒྱ་ཆ་༢༡་༥༨ ཆོས་རིག་ལ་བརྒྱ་ཆ་༢་༢༢ ནང་སྲིད་ལ་བརྒྱ་ཆ་༢༡་༠༩ ཁྲིམས་བཟོ་ལ་བརྒྱ་ཆ་༡་༩༧ ངེས་ཅན་བརྒྱ་ཆ་༠་༡༠ ཡིན་པ་འཁོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།