མ་འོངས་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དང་འབྲེལ་བའི་རྩ་འཛིན་ལམ་སྟོན་དོན་ཚན་བཅུ་གཉིས་བཏོན་འདུག

2020-08-05
གློག་འཕྲིན།
མཆན།
Share
པར་བཀོད།
དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དབུ་འཛུགས་ཀྱི་གཞུང་འབྲེལ་གསལ་བསྒྲགས་སྐབས། ༢༠༢༠།༨།༥
དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དབུ་འཛུགས་ཀྱི་གཞུང་འབྲེལ་གསལ་བསྒྲགས་སྐབས། ༢༠༢༠།༨།༥
RFA/Dhasa

དབུས་འོས་བསྡུ་ལས་ཁང་གིས་ཕྱི་ལོ་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོ་དབུ་འཛུགས་ཀྱི་གཞུང་འབྲེལ་གསལ་བསྒྲགས་གནང་སོང་།
བོད་མིའི་སྒྲིག་འཛུགས་ཀྱི་དབུས་འོས་བསྡུ་ལས་ཁང་ནས་བཞུགས་སྒར་གངས་སྐྱིད་ལྷག་པ་ཚེ་རིང་ཚོགས་ཁང་དུ། མ་འོངས་ཕྱི་ལོ་༢༠༢༡་ལོའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་ཆེན་མོ་འགོ་བཙུགས་པའི་གཞུང་འབྲེལ་གྱི་གསར་འགོད་གསལ་བསྒྲགས། སྤྱི་ཟླ་༨་པའི་ཚེས་༥་ཉིན་མོར་སྤེལ་སོང་ལ། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས་དང་། འགན་འཛིན་ལས་འཕར་དགེ་བཤེས་མ་བདེ་ལེགས་དབང་མོ་ལགས། འགན་འཛིན་ལས་འཕར་སྤྱི་ཟུར་བསོད་ནམས་རྒྱལ་མཚན་ལགས་བཅས་མཉམ་འཛོམས་གནང་སྟེ། ཐོག་མར་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས་ནས། དེང་སྐབས་ཏོག་གསར་ནད་ཡམས་ཀྱི་རྐྱེན་པས་དཀའ་ཚེགས་དུ་མ་ཞིག་ཡོད་མུས་ཀྱང་། གནས་སྟངས་ཇི་ཆགས་ལ་མ་ལྟོས་པར་དབུས་འོས་བསྡུ་ལས་ཁང་ནས། འོས་བསྡུ་ཆེན་མོ་དུས་ཐོག་ཞུ་ཐུབ་རྒྱུའི་ཆོད་སེམས་བརྟན་པོ་ཡོད་ན། ས་གནས་འོས་བསྡུ་ལས་ཁང་དང་རྒྱ་ཆེ་མང་ཚོགས་ནས་ཀྱང་ངལ་བ་ཁྱད་བསད་ཀྱིས་ཞུ་སྒོ་ཁག་གནང་ཐབས་དགོས་རྒྱུ་དང་། འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་མང་དག་གནང་ཡོད་པར། མང་ཚོགས་ཀྱིས་ཐུགས་སྣང་གནང་དགོས་པ་སོགས་ལམ་སྟོན་གནང་གི་འདུག
གཞན་ཡང་ཁོང་གིས། དེང་སྐབས་སྤྱི་ཚོགས་ཀྱི་དཀའ་ངལ་ཆེ་གྲས་ཤིག་ནི་འགན་ཁུར་གང་ཡང་མེད་པའི་ཁ་པར་དང་དྲ་ལམ་སོགས་བརྒྱུད་སྒེར་ནད་སྤྱི་སྤུངས་ཀྱིས་ནང་ཁུལ་འཁྲུགས་གཞི་དང་། ཕྱི་ཕྱོགས་ནས་དངོས་བརྒྱུད་ཆེད་གཉེར་བདེ་འཇགས་ལ་གནོད་ཚབས་ཡོང་མི་སྲིད་པ་མིན་སྟབས། རྒྱ་ཆེའི་མང་ཚོགས་ནས་དགོས་མེད་དཀྲོགས་རྐྱེན་རིགས་ལ་དབུ་མ་འཁོར་བར་དྭོགས་ཟོན་དང་སྦི་བསངས་དོད་པོས་བྱ་ར་དམ་འཛིན་གནང་གལ་དང་། འོས་བསྡུ་ལས་ཁང་ནས་མང་ཚོགས་ལ་འོས་བསྡུ་དང་འབྲེལ་བའི་ལས་དོན་རྣམས་སྒྲིག་མཐུན་ཚགས་ཚུད་ཡོང་ཐབས་སུ་ཟབ་སྦྱོང་སོགས་གོ་སྒྲིག་ཞུ་འཆར་ལ། ཚང་མས་ཐུགས་སྣང་དགོས་པའི་སྐུལ་མ་གནང་གི་འདུག
ཡང་༢༠༢༡་ལོའི་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་གཞིར་བཞེངས་མཁན་ཚོར་འོས་བསྡུ་དང་འབྲེལ་བའི་རྩ་འཛིན་ལམ་སྟོན་དོན་ཚན་བཅུ་གཉིས་ཅན་ཞིག་བཏོན་ཡོད་པའི་ནང་། ས་གནས་ཁག་ནང་དྲིལ་བསྒྲགས་གཏམ་བཤད་དང་ཡིག་འགྲེམས་སོགས་གང་བྱེད་རྣམས། ས་གནས་འོས་བསྡུ་ལས་ཁང་ལ་སྙན་གསན་ངེས་ཞུ་དགོས་པར་འཁོད་ཡོད་པ་རེད།
འོས་གཞི་རྣམ་པས་ཁྲིམས་མཐུན་གྱི་སྒོ་ནས་རང་གི་ལངས་ཕྱོགས་དང་འབྱུང་འགྱུར་ཞུ་སྒོ་རིགས་དྲིལ་བསྒྲགས་ཆོག་པ་ནའང་། ནང་ཁུལ་འཆམ་མཐུན་ལ་གནོད་ཚབས་རིགས་མི་ཆོག་པ་དང་། འོས་འཕེན་པ་སྒེར་གྱི་རང་ཆས་སུ་མངའ་བའི་གཞི་རིམ་ཐོབ་ཐང་ཁག་ལ་བརྩི་སྲུང་ངེས་པར་བྱ་དགོས་པ་སོགས་རྩ་འཛིན་ལམ་སྟོན་དོན་ཚན་བཅུ་གཉིས་དེར་འགལ་བ་དངོས་ར་འཕྲོད་ན། འོས་བསྡུའི་སྒྲིག་གཞི་དགོངས་དོན་འགལ་ཚབས་ལ་གཞིགས་པའི་ཉེས་ཆད་འགེལ་རྒྱུ་བཅས་འཁོད་ཡོད་ཅིང་། འོས་ཤོག་དངོས་སུ་བླུགས་པའི་ཟླ་དུས་ཚེས་གྲངས་སོགས་རིམ་པས་གོ་བསྡུར་བརྒྱུད་ཁྱབ་བསྒྲགས་གནང་རྒྱུ་ཡིན་པ་གསལ་བཤད་དང་། འོས་བསྡུ་དང་འབྲེལ་འོས་བསྡུ་ལས་ཁང་ནས་དྲ་རྒྱ་གསར་པ་(TibetanElection.net)་དབུ་འབྱེད་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།