སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དུས་ཐོག་གནང་ཐུབ་པར་འབད་བརྩོན་བྱེད་བཞིན་ཡོད་ཟེར།

2020-07-20
གློག་འཕྲིན།
མཆན།
Share
པར་བཀོད།
དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས།
དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས།
RFA/Dhasa

ཏོག་དབྱིབས་གསར་བའི་ནད་ཡམས་ཀྱི་དཀའ་ངལ་ཡོད་མིན་ལ་མ་བལྟོས་པར་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་དུས་ཐོག་གནང་ཐུབ་པའི་འབད་བརྩོན་གནང་རྒྱུ་ཡིན་པ་འོས་བསྡུའི་འགན་འཛིན་གྱིས་གསུང་བྱུང་།
བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅོ་ལྔ་པའི་སྲིད་སྐྱོང་དང་། སྐབས་བཅུ་དྲུག་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་དུས་ཡུན་༢༠༢༡་ཟླ་བ་༥་པའི་ནང་རྫོགས་ཀྱི་ཡོད་སྟབས། སྐབས་གསར་བའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུ་སླེབས་ལ་ཉེ་བར་ཡོད་ཀྱང་། ཏོག་དབྱིབས་གསར་བའི་ནད་ཡམས་ཁྱབ་གདལ་གྱི་རྐྱེན་པས། ད་སྐབས་འཛམ་གླིང་ནང་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་པའི་གནས་སྟངས་འོག་བཙན་བྱོལ་བོད་མིའི་འོས་བསྡུའི་གནས་སྟངས་དེ་ཡང་གང་འདྲ་ཆགས་མིན་སྐོར་འདི་ག་རླུང་འཕྲིན་ཁང་གིས་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་སྤེ་ཟུར་དབང་འདུས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། བཙན་བྱོལ་བོད་མི་ཚོ་འཛམ་གླིང་གི་ཡུལ་གྲུ་མང་པོའི་ནང་གནས་ཡོད་སྟབས། གནས་ཡུལ་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་དང་མཐུན་པའི་ཐོག་ནས་འོས་བསྡུ་དུས་ཐོག་བྱེད་ཐུབ་པའི་གྲ་སྒྲིག་གནང་བཞིན་ཡོད་ལ། དུས་ཐོག་གནས་ཐུབ་པར་འབད་བརྩོན་བྱེད་རྒྱུ་ཡིན་པ་གསུང་བྱུང་།
ཡང་དེའི་ཐད་སྤྱི་འཐུས་ཚོགས་གཙོ་མཆོག་གིས། བཙན་བྱོལ་བོད་མིའི་བཅའ་སྒྲིག་དགོངས་དོན་སྲིད་སྐྱོང་དང་། སྤྱི་འཐུས་ཀྱི་འོས་བསྡུ་ནམ་དགོས་སྐབས་འོས་བསྡུའི་ལས་རིམ་འགོ་ཚུགས་པ་ནས་དངོས་གཞིའི་གྲུབ་འབྲས་གསལ་བསྒྲགས་མ་ཟིན་བར་གྱི་དུས་ཡུན་རིང་། དབུས་འོས་བསྡུ་ལས་ཁང་དུ་འོས་བསྡུའི་འགན་འཛིན་ལས་འཕར་གཉིས་དགོས་པར། ཆེས་མཐོའི་ཁྲིམས་ཞིབ་པ་ཆེ་བ་དང་། སྤྱི་འཐུས་ཚོགས་གཙོ་ཚོགས་གཞོན། སྲིད་སྐྱོང་བཅས་ཀྱིས་མི་འགྲོ་གསུམ་དམིགས་འཛུགས་གནང་བའི་ཚོགས་ཆུང་དེས། ལྡབ་གཉིས་ལས་མི་ཉུང་བའི་འོས་འཆར་སྤྱི་འཐུས་ལྷན་ཚོགས་སུ་འབུལ་དགོས་ཞེས་གསལ་བ་ལྟར་འདེམས་སྒྲུག་ཚོགས་ཆུང་བསྐོ་བཞག་ཟིན་ཡོད། མ་འོངས་མང་ཚོགས་ཀྱིས་འོས་འཕེན་པ་དང་། འོས་གཞིའི་ནང་ཡོད་མཁན་དང་འོས་གཞི་གང་ལ་རྒྱབ་སྐྱོར་གནང་མཁན་སོགས་ཚང་མས། ང་ཚོའི་ནུས་བ་མཉམ་སྤུང་དང་ཆིག་སྒྲིལ་གྱི་ནུས་པ་དེ་མི་ཉམས་པའི་སྒོ་ནས་འོས་འཕེན་པ་དང་འོས་མིར་བཞེངས་དགོས་པ་དེ་གལ་ཆེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཡང་དབུས་འོས་བསྡུ་ལས་ཁང་གི་སྤྱི་ཁྱབ་འགན་འཛིན་མཆོག་གིས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་མང་ཚོགས་ཀྱི་དགོངས་ཚུལ་བྱུང་བ་གཞིར་བཟུང་། སྔོན་འགྲོ་དང་དངོས་གཞིའི་འོས་བསྡུའི་ལས་རིམ་གྱི་དུས་ཡུན་དེ་ཐུང་དུ་བཏང་གནང་ནས། དེ་སྔོན་ཡིན་ན་སྔོན་འགྲོ་དང་དངོས་གཞིའི་བར་ཉིན་གྲངས་དགུ་བཅུ་ཡོད་པ་དེ། ད་ལྟའི་ཆར་ཉིན་གྲངས་༤༥་བཟོས་ཡོད་སྟབས་འོས་བསྡུའི་ལས་རིམ་གྱི་དུས་ཚོད་འདེང་ངེས་ཡོད་པ་འགྲེལ་བརྗོད་གནང་བ་དང་། དེ་བཞིན་འོས་བསྡུའི་ལས་རིམ་ཚགས་ཚུད་ཡོང་མིན་དེ་ས་གནས་འོས་བསྡུའི་ཚོགས་མི་ཚོར་རག་ལུས་ཡོད་སྟབས་དེའི་ཐོག་མཐུན་འགྱུར་ཡོང་བ་དང་། མང་ཚོགས་ནས་འོས་བསྡུའི་ཐོབ་ཐང་ཡོད་པ་རང་ལོ་བཅོ་བརྒྱད་ཡན་ཚང་མས་མིང་གཞུང་དེབ་བཀོད་གནང་རྒྱུ་དེ་ཧ་ཅང་གལ་ཆེ་ཡིན་པར་སོང་། དེབ་བཀོད་དུས་ཚོད་གསལ་བསྒྲགས་ཐད་ཐུགས་སྣང་གིས་ཚང་མས་ཆ་ཤས་ལེན་རྒྱུ་གལ་ཆེ་ཡིན་པ་འགྲེལ་བརྗོད་གནང་གི་འདུག
ཕྱི་ལོ་༢༠༡༡་ལོའི་བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ནང་མིང་གཞུང་དེབ་བཀོད་བྱེད་མཁན་མི་གྲངས་༨༢༨༡༧ ་བྱུང་ཡོད་པའི་ཁོང་ནས་འོས་ཤོག་སྐབས་དངོས་སུ་ཆ་ཤས་ལེན་མཁན་མི་གྲངས་༤༨༤༨༢ ་བྱུང་ཡོད་པ་དེ་བརྒྱ་ཆ་སྐོར་ན་བརྒྱ་ཆ་༥༨་༥༤་ཡིན་འདུག་ཅིང་། ཡང་༢༠༡༦་ལོའི་འོས་བསྡུ་ཆེན་མོའི་སྐབས་དེབ་བཀོད་བྱེད་མཁན་མི་གྲངས་དེ་༩༠༨༧༧་དང་ཆ་ཤས་ལེན་མཁན་མི་གྲངས་༥༩༨༥༣་བརྒྱ་ཆ་སྐོར་བ་ཡིན་ན་བརྒྱ་ཆ་༦༥་༦༧་ཡིན་འདུག་ལ། དེ་༢༠༡༡་དང་༢༠༡༦་བར་བསྡུར་བ་ཡིན་ན་འོས་བསྡུའི་ནང་ཆ་ཤས་ལེན་མཁན་བརྒྱ་ཆ་༧་༡༣་འཕར་ཡོད་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།