བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཐོག་གོ་བསྡུར་བགྲོ་གླེང་གནས་སྐབས་ཕྱིར་འགྱངས་བྱས་འདུག

2020-05-14
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༢༠།༥
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༢༠།༥
Lhuboom/RFA

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཚུད་པའི་ཁྲིམས་འཆར་གལ་ཆེ་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་རྒྱུའི་ལས་རིམ་གནས་སྐབས་ཕྱིར་འགྱངས་བྱས་འདུག
སྔོན་འཆར་ལྟར་ན། ཕྱི་ཟླ་ ༥ ་ཚེས་ ༡༤ ་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་། ཕྱི་ལོ་༢༠༡༩་ཞེས་བའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibet Policy and Support Act TPSA of 19)་ཚུད་པའི་ཁྲིམས་འཆར་གལ་ཆེ་ཁག་ཅིག་གི་ཐོག་བཀའ་བསྡུར་གནང་རྒྱུའི་ལས་རིམ་གཉེར་གཏན་འཁེལ་ཡོད་ན་ཡང་། ཕྱི་ཚེས་ ༡༤ ་ཉིན་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བགྲོ་གླེང་ལས་རིམ་དེ་ཕྱིར་འགྱངས་གནང་རྒྱུའི་གསལ་བསྒྲགས་གནང་ཡོད་པ་དང་། ལས་རིམ་དེ་སླར་ཡང་ག་དུས་གཉེར་མིན་གསལ་ཁ་གང་ཡང་གསུངས་མེད་པ་རེད།
ཨ་རིའི་གྲོས་ཚོགས་ནང་ཁྲིམས་འཆར་གཏན་འབེབས་ཀྱི་འགྲོ་ལུགས་ལྟར། ཁྲིམས་འཆར་གང་ཞིག་ཨ་རིའི་གཞུང་གིས་ལག་བསྟར་ཁྲིམས་ཡིག་ཆགས་རྒྱུར། ཐོག་མར་གྲོས་ཚོགས་འོག་མའི་ནང་ཁྲིམས་འཆར་དེ་གཏན་འབེབས་ཟིན་པ་ཞིག་དགོས་ཅིང་། དེའི་རྗེས་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ནང་ཉན་ཞིབ་བགྲོ་གླེང་ཐོག་མང་མོས་སམ་སྤྱི་མོས་ཀྱི་རྒྱབ་སྐྱོར་ཐོབ་དགོས། དེའི་རྗེས་གྲོས་ཚོགས་གོང་མའི་ཚང་འཛོམས་གྲོས་ཚོགས་ཀྱི་ནང་བགྲོ་གླེང་དང་འོས་བསྡུ་གནང་དགོས་ཅིང་། དེ་ནས་ཨ་རིའི་སྲིད་འཛིན་གྱིས་ཁྲིམས་འཆར་དེར་མཚན་རྟགས་སྐྱོན་པའི་ཉིན་མོ་ནས་བཟུང་ཁྲིམས་འཆར་དེ་རྒྱལ་ཁབ་ཀྱི་ལག་བསྟར་དང་རྩ་འཛིན་ཁྲིམས་ཡིག་ཞིག་ཏུ་གྱུར་གྱི་ཡོད་པ་རེད།
༢༠༡༩་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེ་གྲོས་ཚོགས་གོང་མའི་ནང་སྤྱི་མཐུན་ཚོགས་པའི་འཐུས་མི་མར་ཀོ་རུ་སྦི་ཡོ་ལགས་དང་། མང་གཙོ་ཚོགས་པའི་འཐུས་མི་སྦེན་ཀར་ཌིན་ལགས་རྣམ་གཉིས་ཟུང་འབྲེལ་གྱིས་ངོ་སྤྲོད་གནང་ཞིང་། ཕྱི་ཟླ་ ༥ ་ཚེས་ ༡༣ ་ཉིན་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་མར་ཀོ་རུ་སྦི་ཡོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ། ཁོང་ལ་ ༢༠༡༩ ་བོད་ཀྱི་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་དེར་སྲིད་དོན་ཚོགས་པ་གཉིས་ཀའི་འཐུས་མི་ཚོས་མང་མོས་ཀྱི་རྒྱབ་སྐྱོར་གནང་སྟེ་གཏན་འབེབས་ཡོང་རྒྱུར་ཡིད་ཆེས་གཙང་མ་ཡོད་ཅེས་གསུངས་ཡོད་པ་རེད།
ཁྲིམས་འཆར་འདི་ནི་ཕྱི་ལོ་ ༢༠༠༢ ་ལོའི་བོད་ཀྱི་སྲིད་ཇུས་ཁྲིམས་ཡིག་གི་ཁ་སྣོན་ལྟ་བུ་ཡིན་པ་དང་། ཁྲིམས་འཆར་གྱི་ནང་དོན་དོན་ཚན་ཁག་ནི།
•    ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ།
•    གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ།
•    ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ།
•    ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀའ་གཏོང་རྒྱུ།
•    བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་བཙུགས་བྱ་འཇུག་རྒྱུ་མིན་པ།
•    ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ།
•    བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་གྱི་འཛིན་སྐྱོང་ལ་རྒྱབ་སྐྱོར་གནང་རྒྱུ།
•    བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་རྒྱུ་ཡིན་པ་བཅས་བཀོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།