ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཐོག་གོ་བསྡུར་གནང་གཏན་འཁེལ་འདུག

2020-05-11
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༢༠།༥
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན། ༢༠༢༠།༥
Lhuboom/RFA

ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་ཟླ་འདིའི་ཚེས་༡༤་ཉིན་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་ཁྲིམས་འཆར་ཐོག་གོ་བསྡུར་གནང་གཏན་འཁེལ་འདུག
ཟླ་འདིའི་ཚེས་༡༤་ཉིན། ཨ་རིའི་གྲོས་ཚོགས་གོང་མའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་ནང་། ཕྱི་ལོ་༢༠༡༩་ཞེས་བའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibet Policy and Support Act (TPSA of 19)་ཐོག་གོ་བསྡུར་གནང་རྒྱུ་ཡིན་པ་དང་། གོ་བསྡུར་གནང་བ་བརྒྱུད་ནས་གྲོས་ཚོགས་གོང་མའི་ནང་འོས་འཕེན་བྱེད་རྒྱུ་ཡིན་པ་རེད། དེ་ལྟར་རྒྱབ་སྐྱོར་གཏན་འབེབས་བྱུང་བ་ཡིན་ན་མཐར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་རྒྱུ་དང་། དེའི་རྗེས་གཞི་ནས་ཨ་ཪིའི་གཞུང་གིས་ལག་བསྟར་དགོས་པའི་ཁྲིམས་ཤིག་ཆགས་ཀྱི་ཡོད་པ་རེད།
ཉེ་བའི་ཕྱི་ཟླ་དང་པོའི་ཚེས་ ༢༨ ་ཉིན་ཨ་རིའི་གྲོས་ཚོགས་འོག་མའི་ནང་ཕྱི་ལོ་༢༠༡༩་ཞེས་བའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་(Tibet Policy and Support Act (TPSA of 19)་ལ་ཚད་མཐོའི་མང་མོས་ཐོག་ནས་རྒྱབ་སྐྱོར་ཐོབ་ཡོད་པ་རེད།
ཁྲིམས་འཆར་དེར་མཚོན་ན་དེ་སྔ་ཕྱི་ལོ་ ༢༠༠༢ ་ལོར་ཨ་རིའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་གྱི་སྲིད་བྱུས་༢༠༠༢་ཞེས་པ་གཏན་འབེབས་གནང་རྗེས་ད་བར་ཨ་རིའི་གྲོས་ཚོགས་ནང་བོད་དོན་ལ་རྒྱབ་སྐྱོར་མུ་མཐུད་དུ་གནང་བཞིན་ཡོད་པ་རེད།
ཁྲིམས་འཆར་གྱི་ནང་དོན་དོན་ཚན་ཁག་ནི།
•    ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ།
•    གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ།
•    ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ།
•    ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀའ་གཏོང་རྒྱུ།
•    བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་བཙུགས་བྱ་འཇུག་རྒྱུ་མིན་པ།
•    ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ།
•    བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་གྱི་འཛིན་སྐྱོང་ལ་རྒྱབ་སྐྱོར་གནང་རྒྱུ།
•    བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་རྒྱུ་ཡིན་པ་བཅས་བཀོད་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།