ཨ་རིའི་གྲོས་ཚོགས་འོག་མའི་ནང་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་མང་མོས་གཏན་འབེབས་བྱུང་འདུག

2020-01-28
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་། ༢༠༢༠།༡།༢༨
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་ཁང་ནང་། ༢༠༢༠།༡།༢༨
U.S. House of Representatives

བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་༢༠༢༠་ཞེས་པའི་ཁྲིམས་འཆར་ལ་ཨ་རིའི་གྲོས་ཚོགས་འོག་མའི་ནང་གྲོས་ཚོགས་ཀྱི་འཐུས་མི་༣༩༢་ཀྱིས་རྒྱབ་སྐྱོར་བྱུང་སྟེ་མང་མོས་ཆེན་པོའི་ཐོག་ནས་གཏན་འབེབས་བྱུང་ཡོད་པ་རེད།
འདི་ཚེས་༢༨་རེས་གཟའ་མིག་དམར་ཉིན་ཨ་མི་རི་ཀའི་གྲོས་ཚོགས་འོག་མའི་འཐུས་མི་ཚང་འཛོམས་ཐོག་ཕྱི་ལོ་༢༠༢༠་ཞེས་བའི་ཨ་རིའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་ཡིག་(Tibet Policy and Support Act (TPSA of 20)་ཞེས་པའི་ཐོག་བཀའ་བསྡུར་རིམ་པ་གནང་རྗེས་མང་མོས་ཆེན་པོའི་ཐོག་ནས་གཏན་འབེབས་བྱུང་འདུག
ད་ཆ་ཁྲིམས་གཞི་དེ་གྲོས་ཚོགས་འོག་མའི་ནང་མང་མོས་གཏན་འབེབས་བྱུང་ཟིན་པས། རིམ་པས་གྲོས་ཚོགས་གོང་མས་གཏན་འབེབས་གནང་དགོས་པ་དང་། དེའི་རྗེས་སྲིད་འཛིན་གྱིས་མཚན་རྟགས་འགོད་གནང་གིས་དངོས་སུ་ཁྲིམས་སུ་གཏན་འབེབས་གནང་སྲོལ་ཡོད་པ་རེད།
ཁྲིམས་འཆར་གྱི་ནང་དོན་དོན་ཚན་ཁག་ནི།
•    ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དབུས་པའི་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་ཀྱི་གནད་དོན་དེ་ཆོས་ལུགས་ཀྱི་གནད་དོན་ཞིག་ཡིན་སྟབས། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་སྲོལ་རྒྱུན་བཞིན་ལག་བསྟར་བྱ་དགོས་པ།
•    གལ་སྲིད་ཡང་སྲིད་ངོས་འཛིན་ཞུ་བའི་རྒྱུད་རིམ་ཁྲོད་རྒྱ་ནག་གཞུང་དང་དཔོན་རིགས་ནས་ཐེ་བྱུས་བྱས་ཚེ་ཨ་རིའི་གཞུང་གིས་དེའི་ཐོག་དཔལ་འབྱོར་དང་། ཚོང་དོན། ཐོངས་མཆན་(visa)་སོགས་བཀག་སྡོམ་གྱི་ཉེས་ཆད་གཅོད་རྒྱུ།
•    ཨ་རིའི་ཕྱི་སྲིད་ལས་ཁང་གི་བོད་དོན་འབྲེལ་མཐུད་པའི་ལས་འགན་ནུས་བ་ཆེ་རུ་བཏང་ནས་འཛམ་གླིང་ཡུལ་གྲུ་གཞན་དང་འབྲེལ་ལམ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ནས་བོད་ཀྱི་དབུ་ཁྲིད་དང་། རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་སླར་གསོ་ཡོང་ཐབས་བྱ་རྒྱུ།
•    ཨ་རིའི་ཕྱི་སྲིད་དང་ཚོང་དོན་ལས་ཁང་གིས་བོད་ནང་ལས་གཉེར་བྱེད་མཁན་གྱི་ཨ་རིའི་ཚོང་དོན་ཁང་ཚོས་བོད་མིའི་རིག་གཞུང་ལ་སྲུང་བརྩི་དང་ཁོར་ཡུག་ལ་སྲུང་སྐྱོབ་བྱ་དགོས་པའི་བཀའ་གཏོང་རྒྱུ།
•    བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཨ་རིའི་གཞུང་ཚབ་ཡན་ལག་་ལས་ཁང་གསར་འཛུགས་མ་ཐུབ་བར་ཨ་རིའི་ནང་རྒྱ་ནག་གི་གཞུང་ཚབ་ཡན་ལག་ལས་ཁང་གསར་བཙུགས་བྱ་འཇུག་རྒྱུ་མིན་པ།
•    ཨ་རིའི་ཕྱི་སྲིད་ལས་ཁང་གིས་རྒྱལ་ཁབ་གཞན་དང་མཉམ་དུ་བོད་ཀྱི་ཁོར་ཡུག་དང་རང་བྱུང་སྐྱེ་དངོས་སོགས་ལ་སྲུང་སྐྱོབ་ཀྱི་ལས་དོན་སྤེལ་རྒྱུ།
•    བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་ཀྱི་དམངས་གཙོའི་ལམ་ལུགས་གྱི་འཛིན་སྐྱོང་ལ་རྒྱབ་སྐྱོར་གནང་རྒྱུ།
•    བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་ཨ་རི་གཞུང་གིས་དཔལ་འབྱོར་རོགས་རམ་གནང་བཞིན་པ་རྒྱུན་སྐྱོང་རྒྱུ་ཡིན་པ་བཀོད་ཡོད་པ་རེད།
ཁྲིམས་འཆར་དེ་བཞིན་གྲོས་ཚོགས་གི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་དང་། ཁྲིམས་དོན་ཚོགས་ཆུང་བཅས་བརྒྱུད་རིམ་བཞིན་གྲོས་ཚོགས་འོག་མ་དང་། དེ་ནས་གྲོས་ཚོགས་གོང་མ་བཅས་ནང་འོས་འཕེན་གྱི་ལམ་ནས་མཐར་ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་བཀོད་རྗེས་གཞི་ནས་ཨ་ཪིའི་གཞུང་གིས་ལག་བསྟར་དགོས་པའི་ཁྲིམས་ཤིག་ཆགས་ཀྱི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།