ཁ་པར་དང་དྲ་ལམ་བརྒྱུད་ནས་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག

2020-03-18
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་སྐབས། ༢༠༡༩
ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་སྐབས། ༢༠༡༩
Photo: RFA

ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་འགོག་སྲུང་ཆེད་ཨ་རིའི་ནང་གི་བོད་མི་ཚོས་ད་ལོའི་ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཁ་པར་དང་དྲ་ལམ་བརྒྱུད་ནས་སྤེལ་རྒྱུ་ཡིན་པ་རེད།
ཨ་མི་རི་ཀའི་ནང་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ལོ་ལྟར་ཕྱི་ཟླ་གསུམ་པའི་མཇུག་ཏུ་ཨ་རིའི་རྒྱལ་སའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དུ་འཛོམས་ནས་ཉིན་གྲངས་ཁ་ཤས་རིང་། ཨ་རིའི་གྲོས་ཚོགས་སུ་བོད་དོན་ཞུ་གཏུག་གནང་གི་ཡོད་པ་དང་། ད་ལོར་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་ད་ཆ་ཨ་རིའི་ནང་ཁྱབ་གདལ་ཛ་དྲག་ཆེ་བའི་སྐབས། བོད་དོན་ཞུ་གཏུག་གནང་མཁན་ཚོའི་བདེ་འཇགས་དང་འཕྲོད་བསྟེན་ལ་བསམ་ཞིབ་ཀྱིས་གྲོས་ཚོགས་སུ་དངོས་སུ་བཅར་ནས་བོད་དོན་ཞུ་གཏུག་གནང་ཐབས་མེད་པར་བརྟེན། ཁ་པར་དང་དྲ་ལམ་བརྒྱུད་ནས་སྤེལ་རྒྱུ་ཡིན་པ་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དུ་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཕྱི་ཚེས་༡༧་ཉིན་ཨ་མི་རི་ཀའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Marco Rubio)་དང་། གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་(James McGovern)་ལགས་གཉིས་ཀྱིས་བརྙན་ལམ་ནས་དེར་རྒྱབ་སྐྱོར་དང་ཁ་པར་དང་དྲ་ལམ་བརྒྱུད་ཞུ་གཏུག་གནང་གལ་ཆེ་བ་གསུངས་འདུག
དེ་བཞིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། མ་འོངས་གཟའ་འཁོར་གཅིག་ནང་བོད་དོན་ཞུ་གཏུག་གནང་མཁན་ཚོས་ཁ་པར་དང་དྲ་ལམ་བརྒྱུད་ནས་གྲོས་ཚོགས་ཀྱི་འཐུས་མི་དང་ལས་བྱེད་མི་སྣ་ཚོ་དང་འབྲེལ་བ་བྱས་ནས་ཞུ་གཏུག་གནང་རྒྱུ་དང་། ད་ལོའི་བོད་དོན་ཞུ་གཏུགས་ཀྱི་དོན་ཚན་ཁག་ནང་གཙོ་བོ་ཨ་རིའི་གྲོས་ཚོགས་གོང་མ་ནས་བོད་ཀྱི་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ལ་གྲོས་ཆོད་འཇོག་ཐུབ་ཐབས་གནང་རྒྱུ་དང་། དེ་བཞིན་༧གོང་ས་མཆོག་གི་མ་འོངས་ཡང་སྲིད་ཀྱི་གནད་དོན། རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་བཀྲོལ་ཡོང་ཐབས། བོད་མིའི་ཆོས་དད་རང་དབང་དང་སྐད་ཡིག་སོགས་ལ་བརྩི་སྲུང་ཡོང་ཐབས་སུ་ཨ་རི་གཞུང་དང་དཔོན་རིགས་ཚོས་རྒྱ་ནག་གི་དཔོན་རིགས་ཚོ་དང་བཀའ་མོལ་གནང་རྒྱུར་གྲོས་ཚོགས་ཀྱིས་སྐུལ་མ་གནང་རྒྱུ་སོགས་ཀྱི་ནང་དོན་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།