རྒྱ་ནག་གི་བོད་ཀྱི་ལས་དོན་སྐོར་གྱི་ཚོགས་འདུ་ཟེར་བ་ནི་བོད་མི་རིགས་ཀྱི་ངོ་བོ་དང་བཅས་བ་ནག་བསུབ་གཏོང་རྩིས་རེད་ཟེར།

2020-08-31
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་འབྲས་སྤུངས་ཞོ་སྟོན་སྐབས། ༢༠༠༣
བོད་ནང་འབྲས་སྤུངས་ཞོ་སྟོན་སྐབས། ༢༠༠༣
AFP

ཉེ་ལམ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་ངེས་པར་དུ་བོད་ཀྱི་ཆོས་ལུགས་ཀྲུང་གོ་ཅན་དང་ཁྲིམས་ལྟར་ཆོས་ལུགས་ལ་དོ་དམ་བྱ་རྒྱུ་སོགས་བཤད་པ་དེ་བོད་མི་རིགས་ཀྱི་ཆོས་དང་ངོ་བོ་རིག་གཞུང་ནག་བསུབ་གཏོང་རྩིས་ཡིན་པས་ཉེན་ཁ་ཆེན་པོ་ཡིན་པ་བོད་མིའི་སྒྲིག་འཛུགས་ཀྱིས་ངོས་འཛིན་གནང་གི་འདུག
ཉེ་ལམ་སྤྱི་ཟླ་༨་པའི་ཚེས་༢༨་ནས་༢༩་ཉིན་གཉིས་ཀྱི་རིང་། རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་རྒྱ་ནག་དབུས་གཞུང་གིས་བོད་ལྗོངས་ཀྱི་ལས་དོན་བྱེད་ཕྱོགས་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་འཚོགས་པའི་སྐབས། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕེང་གིས་བོད་ནང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་རྒྱུན་འཁྱོངས། མཐའ་མཚམས་སྲུང་སྐྱོབས་ཆེད་བོད་ནང་བརྟན་བརླིང་དགོས་པ། བོད་མི་མང་ཚོགས་ཁ་བྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་ནང་ཞུགས་རྒྱུར་སྐུལ་སློང་རྒྱ་ཁྱབ་བྱ་དགོས་པ་དང་། ངེས་པར་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་དང་ཁྲིམས་ལྟར་ཆོས་ལུགས་ལ་དོ་དམ་རྒྱུན་འཁྱོངས་དགོས་པ་སོགས་བཤད་ཡོད་པར། འདི་ཚེས་༣༡་ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེངྒེ་ལགས་ཀྱིས།
བོད་མི་ཚོར་མཚོན་ན། རྒྱ་ནག་དམར་ཤོག་ཚོགས་པ་ལས་བོད་བརྒྱུད་ནང་བསྟན་གལ་ཆེ་བ་ཡིན་ཞིང་། རྒྱ་ནག་གཞུང་གིས་བཙན་དབང་གིས་བོད་མི་ཚོར་བོད་བརྒྱུད་ནང་བསྟན་ལས་རྒྱ་ནག་དམར་ཤོག་ཚོགས་པ་གལ་ཆེན་པོར་བརྩིས་སུ་བཅུག་པ་ནི། རྒྱལ་སྤྱིའི་ཆོས་དད་རང་དབང་ལ་རྩིས་མེད་རྡོག་རོལ་བཏང་བ་ཙམ་མ་ཟད། མི་མང་ལམ་ལོག་ཏུ་ཁྲིད་པ་ཡིན་པས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱེད་བཞིན་ཡོད་པ་དེ་ནམ་ཡང་ལམ་ལྷོངས་ཡོང་གི་མ་རེད། རྒྱ་ནག་གཞུང་གིས་འདས་པའི་ལོ་ངོ་ ༦༠ ་ལྷག་གི་རིང་བོད་ས་ཡོངས་རྫོགས་རྒྱ་ནག་ཅན་དུ་བསྒྱུར་ཐབས་བྱས་ཡོད་ཀྱང་ལམ་ལྷོངས་བྱུང་མེད་པ་ལས་ར་འཕྲོད་བྱེད་ཐུབ། དེ་བས་རྒྱ་ནག་གཞུང་གིས་བོད་མི་ཚོར་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དད་རང་དབང་ལོངས་སུ་སྤྱོད་འཇུག་དགོས་ཞེས་ལན་འདེབས་བྱས་འདུག
ད་དུང་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དང་ཕྱི་འབྲེལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་དེའི་ཐད། བློ་འཚབ་ཆེ་ཤོས་ཤིག་ནི་བོད་བརྒྱུད་ནང་བསྟན་དེ་ཀྲུང་གོའི་ཁྱད་ཆོས་ལྡན་པར་བསྒྱུར་དགོས་པ་དང་། དེ་ལ་ཤུགས་སྣོན་རྒྱག་དགོས་ཀྱི་འདུག་ཅེས་པ་དེ་ནི། བོད་མིའི་ངོ་བོ་དང་ཆོས། རིག་གཞུང་གང་གི་ཆ་ནས་སྲོག་རྩ་ནང་ཆོས་ཆགས་བསྡད་ཡོད་པས། དེ་ལ་བློ་འཚབ་ཆེན་པོ་ཡོད་ནའང་ཐེ་བྱུས་དེ་ནི་ཐེངས་དང་པོ་མིན་པར། ༢༠༠༧་ལོར་ཡང་སྲིད་ངོས་འཛིན་གྱི་སྐབས་ནས་ཐེ་བྱུས་བྱས་ཟིན་པ་ཞིག་ཡིན་པ། སློབ་གྲྭ་ཁག་ཏུ་ཆུང་དུས་ནས་དམར་པོའི་རིང་ལུགས་བསླབ་དགོས་པར་ཤུགས་སྣོན་རྒྱག་དགོས་ལུགས་བཤད་བཞིན་པ་དེ་རིགས་ནི། བོད་མིའི་ངོ་བོ་དང་ཆོས་དང་རིག་གཞུང་ནག་བསུབ་གཏོང་རྩིས་ཀྱི་ཉེན་ཁ་ཆེན་པོ་ཡིན་པར་བརྟེན། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་བ་ཚོས་ཐུགས་སྣང་གནང་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་གི་འདུག
ཡང་དེའི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནང་མཆོག་གིས། ཞི་ཅིན་ཕེང་དང་སྲིད་བློན་ལི་ཁི་ཆང་གང་གི་སྐད་ཆ་ལ་བལྟས་ན། བོད་མིའི་ཐོག་གདུག་རྩུབ་ཆེ་རུ་དང་སྲིད་བྱུས་མཁྲེགས་སུ་གཏོང་བ། བོད་ཀྱི་ལོ་རྒྱུས་རྩ་མེད་བཟོ་རྩིས་མ་གཏོགས་མཐོང་གི་མི་འདུག རྒྱ་ནག་གིས་བོད་དང་འབྲེལ་བའི་བཞུགས་མོལ་ཚོགས་འདུ་ཐོག་མ་ཧོས་ཡོ་པང་གིས་ཚུགས་སྐབས། དངོས་གནས་བོད་མིའི་ཐོག་བསམ་བློ་བཏང་གནང་ཡོད་པ་དང་། ཚོགས་འདུ་གཉིས་པའི་སྐབས་ཀྱང་བོད་མི་རང་གི་ཁེ་ཕན་ཆེད་ཚོགས་ཡོད་པ་རེད། གསུམ་པ་ནས་བཟུང་ད་ལྟ་བར་གདུག་རྩུབ་དང་གཉའ་གནོན་བཤུ་བཞོག་རང་མ་གཏོགས། བོད་ནང་ཡོད་པའི་བོད་མིའི་ཆེད་འཚོགས་མེད་པས། ད་རེས་ཉིན་གཉིས་རིང་འཚོགས་པ་དེར་ཡང་ཞི་ཅིན་ཕེང་དང་སྲིད་བློན་སུའི་སྐད་ཆ་ལ་བལྟས་ནའང་། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་པ་དང་། མང་ཚོགས་དང་སློབ་གྲྭ་ལ་སློབ་གསོ་སྤྲད་སྟངས་སོགས་ཀྱིས། གང་ལྟར་རྒྱ་ནག་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་དང་། བོད་མི་ཚོ་ལ་གཉའ་གནོན་བྱས་བསྡད་པར་འགྱུར་བ་མེད་པ། བོད་ཡུལ་རྒྱ་ཡུལ་དང་བོད་མི་རྒྱ་རིགས་ལ་བསྒྱུར་བ་ཞིག་མཐོང་ཡོང་གི་འདུག་པས། ང་ཚོས་བལྟས་ན་བོད་མིའི་ཐོག་གདུག་རྩུབ་ཆེ་རུ་དང་སྲིད་བྱུས་མཁྲེགས་དུ་གཏོང་བ། བོད་ཀྱི་ལོ་རྒྱུས་རྩ་མེད་དུ་གཏོང་བ་མ་གཏོགས་ཅི་མཐོང་གི་མི་འདུག་ཅེས་འགྲེལ་བརྗོད་གནང་གི་འདུག
ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་དུ་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་(Matteo Macacci་ལགས་ཀྱིས། ད་རེས་རྒྱ་ནག་གི་སྲིད་འཛིན་གྱི་གཏམ་བཤད་དེ་དག་གི་ཐོག་ནས། རྒྱ་ནག་གིས་བོད་དེ་དྲག་གནོན་ཆེ་བའི་ཐོག་ནས་དབང་འཛིན་བྱེད་བཞིན་པ་དེ་མཚོན་གྱི་ཡོད་པ་འགྲེལ་བརྗོད་གནང་འདུག
ཡང་ད་ལོ་སྤྱི་ཟླ་བདུན་པའི་ནང་ཨ་རིའི་ཕྱི་སྲིད་དྲུང་ཆེ་(Mike Pompeo)་ལགས་གིས། ཨ་རིའི་ངོས་ནས་བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་ལ་རྒྱབ་སྐྱོར་གནང་གི་ཡོད་པའི་སྐོར་གསུངས་པ་མ་ཟད། བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་མཁན་དང་། ཨ་རིའི་ཕྱི་འབྲེལ་མི་སྣ་སོགས་བོད་ནང་འགྲོ་སྐྱོད་བཀག་འདོམ་བྱེད་མཁན་བཅས་ལ་ཨ་རིའི་ནང་ཡོང་རྒྱུའི་ཐོངས་མཆན་བཀག་སྡོམ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
རྒྱ་ནག་གི་བོད་ཀྱི་ལས་དོན་བྱེད་ཕྱོགས་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་དེར། རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་དང་། སྲིད་བློན་ལི་ཁི་ཆང་། བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འགན་འཁུར་པ་དང་། ས་གནས་དང་གྲོང་ཁྱེར་ཁག་གི་ཏང་སྲིད་འགན་འཁུར་པ། སི་ཁྲོན་དང་ཡུན་ནན། ཀན་སུའུ། མཚོ་སྔོན་བཅས་ཞིང་ཆེན་གྱི་ཏང་སྲིད་འགན་འཁུར་མཁན་དང་། བོད་རིགས་རང་སྐྱོང་ཁུལ་གྱི་ཏང་སྲིད་འགན་འཁུར་པ་གཙོ་ཁག དེ་མིན་ཞིང་ལྗོངས་དང་གྲོང་ཁྱེར་ཁག་གི་འགན་འཁུར་མི་སྣ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་མཁན། འབྲེལ་ཡོད་མི་དམངས་ཚོགས་པ་དང་། དངུལ་རྩའི་ལས་ཁུངས། གཞུང་ཁོངས་ཁེ་ལས་དང་དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་པ་སོགས་ཀྱང་ཚོགས་འདུར་ཞུགས་ཡོད་པ་རྒྱ་ནག་གི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།