ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་མཆོག་ཨ་རིའི་རྒྱལ་སར་ཕེབས་འདུག

2020-02-04
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་སྐུ་ཞབས་ཝེ་ལུམ་ལེ་(William Lai)་ལགས་ཨ་རིའི་རྒྱལ་སར། ༢༠༢༠།༢།༣
ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་སྐུ་ཞབས་ཝེ་ལུམ་ལེ་(William Lai)་ལགས་ཨ་རིའི་རྒྱལ་སར། ༢༠༢༠།༢།༣
賴清德/FB

ཐེ་ཝན་གྱི་འདེམས་ཐོན་སྲིད་འཛིན་གཞོན་པ་མཆོག་ཨ་རིའི་རྒྱལ་སར་ཨ་རིའི་རྒྱལ་ཡོངས་སྔ་དྲོའི་གསོལ་ཇའི་སྨོན་ལམ་གསུང་འདོན་ཐོག་ཕེབས་རྒྱུ་ཡིན་པ་རེད།
གསར་དུ་འདེམས་ཐོན་བྱུང་བའི་མ་འོངས་ཐེ་ཝན་གྱི་སྲིད་འཛིན་གཞོན་པ་སྐུ་ཞབས་ཝེ་ལུམ་ལེ་(William Lai)་མཆོག འདི་ག་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཀྲོན་ནང་འཚོགས་རྒྱུའི་གྲགས་ཆེ་བའི་ཨ་རིའི་རྒྱལ་ཡོངས་སྔ་དྲོའི་གསོལ་ཇའི་སྨོན་ལམ་གསུང་འདོན་ནམ་(National Prayer Breakfast)་ནང་ཕེབས་གཏན་འཁེལ་ཡོད་པ་དང་། དེའི་སྐབས་ཨ་རིའི་སྲིད་འཛིན་ཕེབས་སྲོལ་ཡོད་པ་ལྟར། སྔ་ལོར་སྲིད་འཛིན་(Trump)་མཆོག་ཆེད་ཕེབས་གནང་ཡོད་པ་རེད།
ཐེ་ཝན་གྱི་མ་འོངས་སྲིད་འཛིན་གཞོན་པ་སྐུ་ཞབས་(William Lai)་མཆོག་ཕྱི་ཚེས་༣་ཉིན་འདི་ག་ཨ་རིའི་རྒྱལ་ས་ཝ་ཤིང་ཀྲོན་ནང་ཕེབས་འབྱོར་བྱུང་འདུག སྐུ་ཞབས་(William Lai)་མཆོག་གིས་ཐེ་ཝན་གྱི་སྲིད་འཛིན་གཞོན་པའི་ཐུགས་འགན་དེ་བཞིན་འདི་ལོའི་ཕྱི་ཟླ་ལྔ་པའི་ནང་དངོས་སུ་བཞེས་རྒྱུ་ཡིན་པ་དང་། ཁོང་གིས་ཁོང་ནི་ཐེ་ཝན་རང་བཙན་ཆེད་དུ་ཕྱག་ལས་གནང་མཁན་ངོ་མ་ཡིན་སྐོར་གཏམ་བཤད་གནང་བར་རྒྱ་ནག་གཞུང་ཁོང་ཁྲོ་དྲག་པོ་ལངས་ཡོད་པ་རེད། ཐེ་ཝན་གྱིས་ཡུལ་དེ་ནི་རང་བཙན་གྱི་རྒྱལ་ཁབ་གཅིག་ཡིན་པ་དང་། དེའི་གཞུང་འབྲེལ་མིང་ལ་(Republic of China)་ཞེས་འབོད་ཀྱི་ཡོད་པ་རེད། སྐུ་ཞབས་(Lai)་ཡིས་ད་རེས་ཁོང་ཨ་རིའི་རྒྱལ་ཡོངས་སྔ་དྲོའི་གསོལ་ཇའི་སྨོན་ལམ་གསུང་འདོན་ལ་བཅར་རྒྱུ་དེ་ནི་ཁོང་སྐུ་སྒེར་ཐོག་ནས་ཕེབས་ཀྱི་ཡོད་ལུགས་ཁོང་གི་ངོ་དེབ་ཐོག་བཀོད་གནང་འདུག
སྐུ་ཞབས་(William Lai)་མཆོག་གིས་ཨ་མི་རི་ཀའི་ཆབ་སྲིད་མི་སྣ་རྣམས་ཀྱིས་ཐེ་ཝན་འཛམ་གླིང་འཕྲོད་བསྟེན་ལྷན་ཚོགས་ནང་མཉམ་ཞུགས་གནང་རྒྱུར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཞུས་གནང་འདུག ཨ་རིའི་སྲིད་འཛིན་སྐུ་ཞབས་(Trump)་གྱི་འཛིན་སྐྱོང་འོག་ཨ་རི་དང་ཐེ་ཝན་གཉིས་ཀྱི་འབྲེལ་ལམ་དམ་ཟབ་དུ་ཕྱིན་པ་མ་ཟད། ད་དུང་ཡང་འབྲེལ་ལམ་ཟབ་དུ་གཏོང་རྒྱུའི་འབད་བརྩོན་གནང་བཞིན་པ་རེད།
ཨ་རིའི་རྒྱལ་ཡོངས་སྔ་དྲོའི་གསོལ་ཇའི་སྨོན་ལམ་གསུང་འདོན་ཞེས་པའི་འདུ་འཛོམས་དེ་ནི་ཕྱི་ལོ་༡༨༥༣་ལོར་དབུ་འཛུགས་གནང་བ་ཞིག་ཡིན་པ་དང་། དེ་ནི་ལོ་ལྟར་ཕྱི་ཟླ་གཉིས་པའི་ཚེས་༥་དང་༦་ཉིན་གཉིས་རིང་གནང་གི་ཡོད་པ་དང་། དེ་ནི་ཨ་རིའི་གྲོས་ཚོགས་ཀྱིས་གོ་སྒྲིག་གནང་གི་ཡོད་པ་རེད།
དེ་སྔ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་༢༠༡༥་ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མ་མཆོག་གིས་ཨ་རིའི་རྒྱལ་ཡོངས་སྔ་དྲོའི་གསོལ་ཇའི་སྨོན་ལམ་གསུང་འདོན་གྱི་མཛད་སྒོའི་ཐོག་གདན་འདྲེན་ཞུས་པ་དང་། སྲིད་འཛིན་ཨོ་བྷ་མ་མཆོག་གིས་སྐབས་དེར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཕྱག་གཉིས་ཐལ་མོ་སྦྱར་ནས་གུས་བརྩི་ཆེན་པོ་ཞུས་པ་མ་ཟད། ༧མགོན་པོ་གང་ཉིད་ནི་སྲིད་འཛིན་མཆོག་གི་གྲོགས་པོ་ཡག་པོ་ཞིག་ཡིན་པའི་འགྲེལ་བརྗོད་ཞུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།