ཨ་རིའི་སྲིད་འཛིན་གྱིས་ཐེ་ཝན་རྒྱབ་སྐྱོར་གྱི་ཁྲིམས་འཆར་གཏན་འབེབས་ལ་མཚན་རྟགས་རྒྱབ།

2020-03-27
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་སྲིད་འཛིན་(Trump)
ཨ་མི་རི་ཀའི་སྲིད་འཛིན་(Trump)
AFP

ཨ་རིའི་སྲིད་འཛིན་ཌོ་ནལཌ་ཏྲམཔ་མཆོག་གིས་ཐེ་ཝན་དང་མནའ་འབྲེལ་སྲུང་སྐྱོབ་དང་ཕྱི་འབྲེལ་གོང་སྤེལ་གཏོང་ཐབས་ཀྱི་ཁྲིམས་འཆར་གཏན་འབེབས་ལ་མཚན་རྟགས་སྐྱོན་པ་དང་རྒྱ་ནག་གིས་དེར་ངོ་རྒོལ་བྱེད་རྒྱུ་ཡིན་ཟེར།
འདི་ཚེས་ ༢༦ ་ཉིན། ཨ་མི་རི་ཀས་ཐེ་ཝན་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་ཆེད། ཨ་མི་རི་ཀའི་སྲིད་འཛིན་(Trump)མཆོག་གིས་ཐེ་ཝན་དང་མནའ་འབྲེལ་སྲུང་སྐྱོབ་དང་ཕྱི་འབྲེལ་གོང་སྤེལ་གཏོང་ཐབས་ཀྱི་ཁྲིམས་འཆར་ལ་མཚན་རྟགས་སྐྱོན་ཞིང་། དེ་མ་ཐག་ཐེ་ཝན་གཞུང་གིས་རང་དབང་དམངས་གཙོ་དར་སྤེལ་གཏོང་བར་མུ་མཐུད་མཉམ་འབྲེལ་བྱ་རྒྱུ་ཡིན་པ་བརྗོད་པ་དང་། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚཡི་དབྱིང་ཝན་(Tsai Ing wen)་ལགས་ཀྱིས་དགའ་བསུ་ཞུས་ཐོག་ཨ་རི་ནི་ཐེ་ཝན་གྱི་རང་དབང་དང་ཡར་རྒྱས་ཀྱི་རོགས་པ་ཡག་ཤོས་ཡིན་པ་གསུངས་འདུག ཡིན་ཡང་རྒྱ་ནག་གི་ཕྱོགས་ནས། གལ་སྲིད་ཨ་རིས་ཁྲིམས་ཡིག་དེ་དངོས་སུ་ལག་བསྟར་བྱས་ཚེ། དེར་ཁ་གཏད་དང་ངོ་རྒོལ་བྱེད་རྒྱུ་ཡིན་པ་བརྗོད་འདུག
ཨ་རིའི་སྲིད་འཛིན་གྱིས་མཚན་རྟགས་རྒྱབ་པའི་ཁྲིམས་ཡིག་དེར། ཨ་རིའི་ཆབ་སྲིད་ཚོགས་པ་གཉིས་ཀས་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་པ་དང་། ཁྲིམས་ཡིག་དེ་གཞིར་བཟུང་བྱས་ན། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཐེ་ཝེན་གྱི་ཕྱི་འབྲེལ་ལས་དོན་ནུས་ཤུགས་ཆེད་ལས་དོན་ཇི་སྤེལ་དུས་ནས་དུས་སུ་གྲོས་ཚོགས་སུ་ལས་སྡོམས་སྙན་སེང་ཞུ་དགོས་ཀྱི་ཡོད་པ་རེད།
ཨ་རིའི་མང་གཙོ་དང་སྤྱི་མཐུན་ཚོགས་པ་གཉིས་ཀའི་འཐུས་མི་མང་མོས་ཀྱི་རྒྱབ་སྐྱོར་གཏན་འབེབས་གནང་པའི་ཁྲིམས་འཆར་དེའི་བརྗོད་ཚིག་ནང་། རྒྱ་ནག་གིས་ཐེ་ཝན་དང་གཞུང་འབྲེལ་འབྲེལ་བ་ཡོད་པའི་རྒྱལ་ཁབ་ཁག་ལ་སྡང་ཟུག་བྱེད་པ་དང་། དེ་བཞིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ཚོགས་མིའི་ཁོངས་སུ་ཐེ་ཝན་འཛུལ་ཞུགས་བྱ་རྒྱུར་ཡང་རྒྱ་ནག་གིས་འགོག་རྐྱེན་བཟོ་བཞིན་པ་སོགས་བཀོད་ཡོད་པ་རེད།
རྒྱ་ནག་གིས་ཐེ་ཝན་ནི་རྒྱ་ནག་གི་ཆ་ཤས་ཤིག་ཡིན་ལུགས་བཤད་བཞིན་པ་དང་། ཨ་རི་དང་རྒྱ་ནག་གི་འབྲེལ་བའི་ཐོག་ཐེ་ཝན་གྱི་གནད་དོན་ད་ནི་ཚོར་བ་རྣོ་ཤོས་གྲས་ཤིག་ཡིན་པ་རེད། རྒྱལ་སྤྱིའི་རྒྱལ་ཁབ་གཞན་མང་པོ་ལྟར་ཨ་མི་རི་ཀ་དང་ཐེ་ཝན་དབར་གཞུང་འབྲེལ་འབྲེལ་བ་མེད་ཀྱང་། ཚོང་དང་ཆབ་སྲིད། དཔལ་འབྱོར་དང་བདེ་འཇགས་སྲུང་སྐྱོབ་སོགས་གནད་དོན་མང་པོའི་ཐོག་འབྲེལ་བ་ཟབ་པོ་ཡོད་ལ། ཁྲིམས་ཐོག་ནས་གལ་ཏེ་ཐེ་ཝན་གྱི་རྒྱལ་ཁབ་བདེ་འཇགས་ཐོག་ཉེན་ཁའི་གནས་ཚུལ་འབྱུང་ཚེ་ཨ་རིའི་གཞུང་གིས་ཐེ་ཝན་སྲུང་སྐྱོབ་བྱ་དགོས་ཀྱི་ཡོད་པ་རེད།
ཨ་རིའི་གཞུང་གིས་རྒྱ་ནག་གཅིག་ཞེས་པ་ངོས་འཛིན་གྱི་སྲིད་ཇུས་བཟུང་བཞིན་ཡོད་ན་ཡང་། ཨ་མི་རི་ཀའི་སྲིད་གཞུང་རིམ་པས་ཐེ་ཝན་གྱི་བདེ་འཇགས་སྲུང་སྐྱོབ་ཆེད་གོ་མཚོན་ཚོང་བསྒྱུར་ལ་སོགས་པ་དམག་དོན་གྱི་ཞོགས་འདེགས་བྱེད་བཞིན་ཡོད་པ་རེད། ཌོ་ནལཌ་ཏྲམཔ་ཨ་རིའི་སྲིད་འཛིན་དུ་འོས་འདེམས་བྱུང་མ་ཐག་ཐེ་ཝན་གྱི་སྲིད་འཛིན་ལ་ཞལ་པར་ཐོག་བཀའ་མོལ་གནང་ཞིང་། རྒྱ་ནག་དང་འཁོན་འཛིན་ཆེ་བའི་སྲིད་ཇུས་ལངས་ཕྱོགས་ཤིག་ལག་བསྟར་གནང་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།