རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ཁས་ལེན་བྱ་ཐབས་མེད་པ་ཐེ་ཝན་གྱི་སྲིད་འཛིན་གྱིས་ནན་བརྗོད་གནང་འདུག

2020-05-20
གློག་འཕྲིན།
མཆན།
Share
པར་བཀོད།
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ཀྱི་དམ་འབུལ་མཛད་སྒོའི་སྐབས། ༢༠༢༠།༥།༢༠
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ཀྱི་དམ་འབུལ་མཛད་སྒོའི་སྐབས། ༢༠༢༠།༥།༢༠
TAIWAN PRESIDENTIAL OFFICE / AFP

ཐེ་ཝན་གྱི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་སྐབས་ལྕམ་ཚའེ་ཨིང་ཝིན་ལགས་ཀྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ཁས་ལེན་བྱ་ཐབས་མེད་པ་ནན་བརྗོད་གནང་འདུག
ཕྱི་ཟླ་ལྔ་པའི་ཚེས་༢༠་ཉིན། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་དང་སྲིད་འཛིན་གཞོན་པ་རྣམ་གཉིས་ཀྱི་དམ་འབུལ་མཛད་སྒོ་གནང་ཡོད་པ་དང་།  སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་ལགས་ཀྱིས་ཐེ་ཝན་གྱི་སྲིད་འཛིན་གྱི་ཐུགས་འགན་བཞེས་ཐེངས་གཉིས་པ་དེ་ཡིན་པ་རེད།
དམ་འབུལ་མཛད་སྒོའི་སྐབས་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་ལགས་ཀྱིས་མ་འོངས་ལོ་ངོ་བཞིའི་རིང་གི་ལས་འཆར་ཁག་དང་། ལྷག་པར་དུ་རྒྱ་ནག་དང་ཐེ་ཝན་བར་གྱི་འབྲེལ་ལམ་སྐོར་ལ་གཏམ་བཤད་གནང་བའི་སྐབས། མུ་མཐུད་ནས་ཞི་བདེ་དང་འདྲ་མཉམ་དམངས་གཙོ་གྲོས་མོལ་གྱི་ལམ་ནས་ཕྱོགས་གཉིས་བར་འབྲེལ་ལམ་གནང་རྒྱུ་དང་། དུས་མཚུངས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཟེར་བ་ཁས་ལེན་བྱ་ཐབས་མེད་པ་ནན་བརྗོད་གནང་ཡོད་འདུག
ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་ལགས་ཀྱི་སྲིད་འཛིན་གྱི་དམ་འབུལ་མཛད་སྒོའི་ཐོག་གཏམ་བཤད་གནང་བའི་ནང་།་ད་དུང་མཚོ་ཁ་ཕན་ཚུན་གྱི་འབྲེལ་ལམ་གནད་དོན་དེ་ཧ་ཅང་གི་རྙོག་ཟིང་དང་འགྱུར་ལྡོག་ཆེ་བའི་གནད་དོན་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་དང་། འདས་པའི་ལོ་ངོ་བཞིའི་རིང་ཕྱོགས་གཉིས་བར་གྱི་འབྲེལ་ལམ་བཟང་ཕྱོགས་སུ་བསྐྱོད་རྒྱུར་ཐེ་ཝན་ཕྱོགས་ནས་འབད་བརྩོན་ལྷོད་མེད་གནང་ཡོད་པ་དང་། མ་འོངས་པར་ཡང་མུ་མཐུད་ནས་འབད་བརྩོན་གནང་རྒྱུ་མ་ཟད། ཐེ་ཝན་ཕྱོགས་ནས་རྒྱ་ནག་སྐམ་ས་དང་གྲོས་མོལ་བྱ་རྒྱུའི་འདུན་པ་ཡོད་པ་གསལ་སྟོན་གནང་ཡོད་འདུག ཡིན་ན་ཡང་ཐེ་ཝན་གྱི་སྲིད་འཛིན་གྱིས་རྒྱ་ནག་དང་ཐེ་ཝན་དབར་དེ་སྔོན་བརྗོད་བཞིན་པའི་༩༢་ཀྱི་སྤྱི་མོས་ཞེས་པ་དེ་རྩ་བ་ནས་བཏོན་གནང་མེད་པ་རེད།
རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་ལས་དོན་ལྷན་ཁང་གི་མགྲིན་ཚབ་པ་མའ་ཞའོ་ཀོང་གིས་ཐེ་ཝན་གྱི་སྲིད་འཛིན་དམ་འབུལ་རྗེས། དམངས་གཙོ་ཡར་ཐོན་ཚོགས་པས་རྒྱ་ནག་གཅིག་གི་རྩ་དོན་དང་༩༢་ཀྱི་སྤྱི་མོས་ལ་ཁས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་དེས་ཕྱོགས་རྐྱང་པ་ནས་མཚོ་ཁ་ཕན་ཚུན་དབར་འབྲེལ་ལམ་གོང་འཕེལ་གྱི་ཆབ་སྲིད་རྨང་གཞིར་གཏོར་བཤིག་བཏང་བ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་མུ་མཐུད་ནས་ཞི་བའི་ཐོག་ནས་གཅིག་གྱུར་གྱིས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་ལམ་ཕྱོགས་རྒྱུན་སྐྱོང་བྱ་རྒྱུ་དང་། ཞི་བའི་ཐོག་ནས་གཅིག་གྱུར་བྱ་འདོད་ཡོད་མཁན་ཚོར་གོ་སྐབས་སྤྲོད་རྒྱུ། འོན་ཀྱང་རྣམ་པ་འདྲ་མིན་ཐོག་ནས་ཐེ་ཝན་རང་བཙན་གྱི་ལས་འགུལ་སྤེལ་རྒྱུར་གོ་སྐབས་རྩ་བ་ནས་སྤྲོད་རྒྱུ་མིན་ལུགས་སོགས་བཤད་ཡོད་འདུག
ཕྱི་ཚེས་༡༩་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཁུ་ཕེམ་པོའུ་(Michael Pompeo)་ལགས་ཀྱིས། ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚའེ་ཨིང་ཝིན་(Tsai Ing-Wen)་ལགས་ཀྱིས་སྲིད་འཛིན་གྱི་ཐུགས་འགན་ཐེངས་གཉིས་པའི་དམ་འབུལ་མཛད་སྒོར་འཚམས་འདྲི་གནང་བའི་ནང་། ཐེ་ཝན་ནི་ཨ་རིས་ཡིད་ཆེས་བློ་འཁེལ་ཆོག་པའི་མཐུན་གྲོགས་ཡིན་པ་གསལ་སྟོན་གནང་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།